
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས7ཉིན་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཚི་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཚོད་དཔག་བྱས་ན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དེ་ཅང་མི་འགོར་བར་དུས་རིམ་གཉིས་པར་བསླེབས་སྲིད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོ་མཇུག་སྒྲིལ་ལ་ཉེ་བ་དང་། ཚོད་དཔག་བྱས་ན་ཅང་མི་འགོར་བར་དུས་རིམ་གཉིས་པར་བསླེབས་སྲིད་ཟེར། ཁོས་ཟླ་འདིའི་མཇུག་ཏུ་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་དབང་བསྒྱུར་ཇི་ལྟར་མཇུག་སྒྲིལ་བའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
མའོ་ཚི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འཇར་མན་གྱིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་བསྒྲགས་བྱས་ཀྱང་། འཇར་མན་གྱིས་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་དང་ལེན་གྱི་རྣམ་འགྱུར་བཟུང་ཡོད་ལ། དེའི་ཞོར་དུ་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་བདག་བཟུང་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
མའོ་ཚི་ཡིས་ཚེས6ཉིན་ནས་བཟུང་དབྱི་སི་རལ་དུ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། དེ་ནི་ཁོས་ད་ལོའི་ཟླ5བར་འཇར་མན་གྱི་ཙུང་ལིའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།