སུའུ་ཏན་གྱི་ལྷོ་ཕྱོགས་ས་ཁུལ་དུ་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ་མི114རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སུའུ་ཏན་ལྷོ་ཕྱོགས་ཀྱི་ཁི་ཨར་ཏའོ་ཧྥན་ལྷོ་མ་མངའ་སྡེའི་སྲིད་གཞུང་གིས་ཚེས7ཉིན་བཤད་རྒྱུར། མངའ་སྡེ་དེའི་ཁི་ལོ་ཅི་གྲོང་ཁྱེར་ལ་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། མི114རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ63འདུས་ཡོད་ལ། གཞན་ཡང་མི70ཙམ་ལ་རྨས་ཕོག་ཡོད་ཟེར།

ཁི་ཨར་ཏའོ་ཧྥན་ལྷོ་མ་མངའ་སྡེའི་འགོ་ཁྲིད་ཁཱ་ལི་མུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡུག་སུའུ་ཧྥུའུ་ཡིས་ཚེས7ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཁི་ལོ་ཅི་གྲོང་ཁྱེར་དུ་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཐེངས་འདིའི་འཇབ་རྒོལ་དམིགས་འབེན་ནི་བྱིས་པ་དང་། སློབ་གསོའི་བྱ་བ་བྱེད་མཁན། སྨན་བཅོས་མི་སྣ། དེ་མིན་རྨས་མ་མྱུར་སྐྱོབ་བྱེད་རྩིས་ཡོད་པའི་མི་སེར་དཀྱུས་མ་བཅས་རེད་ཟེར། ཁོས་ས་ཁུལ་དེར་མི་སེར་དཀྱུས་མ་དང་དམངས་བཀོལ་སྒྲིག་ཆས་ལ་དམིགས་པའི་དྲག་སྤྱོད་མང་དུ་བྱུང་བར་མ་ཟད་ཛ་དྲག་ཏུ་གྱུར་བར་ཧ་ལས་པའི་ཚུལ་བསྟན་པ་དང་། ཕྱོགས་སོ་སོས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཀག་མེད་ཡོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྒེར་ཚུགས་ཀྱི་རྟོག་ཞིབ་སྤེལ་ནས་དོན་རྐྱེན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།