
སྐབས་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཚེས8ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་ཚོགས་མགོ་བརྩམས་པ་དང་། གོ་ལ་ཧྲིལ་བོའི་འཐུས་མི་སྟོང་དྲུག་ཙམ་གྱིས་མ་འོངས་པའི་ཉིན་ལྔའི་ནང་ཕྱོགས་མང་མཉམ་ལས་འོག་གི་གོ་ལ་ཧྲིལ་བོའི་ཁོར་ཡུག་བཅོས་སྐྱོང་དང་རྒྱུན་མཐུད་འགུལ་སྐྱོད་ལ་མཉམ་དུ་གྲོས་བསྡུར་བྱེད་རྒྱུ་རེད།
སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་བསྟུན་ནུས་ལྡན་པའི་སའི་གོ་ལའི་རྒྱུན་མཐུད་ཐག་གཅོད་ཇུས་གཞིར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད། མི་ཐབས་རིག་ནུས་དང་གཏེར་ཐོན། ལྕགས་རིགས་སོགས་ཁྱབ་ཁོངས་ཀྱི་གྲོས་ཆོད་འཆར་ཟིན་རིགས་སྣ18ལ་གྲོས་བསྡུར་བྱས་ཏེ། 2026ལོ་ནས2029ལོའི་བར་གྱི་དུས་ཡུན་འབྲིང་གི་འཐབ་ཇུས་ལ་གྲོས་ཞིབ་བྱས་ནས་གྲོས་མཐུན་འགོད་རྒྱུ་རེད།
སྐབས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་མུའུ་ལི་ཡིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་ནང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་ཁམས་གཏོར་བརླག ས་ཞིང་ཞན་འགྱུར། སྦགས་བཙོག་དང་མཁོ་མེད་དངོས་པོ་སོགས་ཀྱི་གནད་དོན་ཛ་དྲག་ཆེ་ཡང་། ཁྱད་བསལ་བྱེད་ཐབས་མེད་པ་ཞིག་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ལས་ཕྱོགས་མང་རིང་ལུགས་དེ་ཚན་རིག་གི་བདེན་དཔང་དང་དངོས་གཉེར་གྱི་ཐག་གཅོད་ཇུས་གཞིའི་རྨང་གཞིའི་སྟེང་བཙུགས་ན་ད་གཟོད་ལེགས་འགྲུབ་འབྱུང་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་མུའུ་ཧན་མའོ་ཏི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་གི་བདེན་དཔང་ག་ས་གང་དུ་མཐོང་ཐུབ། ད་ལྟ་ནི་རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་དམ་བཅའ་དག་འགུལ་སྐྱོད་དུ་བསྒྱུར་བའི་སྐབས་ཡིན་ལ། སའི་གོ་ལའི་བསྟུན་ནུས་ཇེ་དྲག་ཏུ་བཏང་སྟེ་མིའི་རིགས་ཡོངས་ལ་ཕན་བདེ་བསྐྲུན་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ཏི་སུན་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མིག་སྔར། གོ་ལ་ཧྲིལ་བོའི་ཁོར་ཡུག་འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོས་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། བབ་བསྟུན་རང་བཞིན་ལྡན་པའི་སའི་གོ་ལ་ཞིག་འཛུགས་པར་རྒྱུན་མཐུད་ཀྱི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་དགོས་ཟེར། ཁོས་མོས་ཕྱོགས་སོ་སོས་རྒྱང་རིང་ལ་དམིགས་ནས། ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱས་ཏེ་མཉམ་དུ་སའི་གོ་ལའི་མ་འོངས་པར་སྲུང་སྐྱོང་བྱེད་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ནི་གོ་ལ་ཧྲིལ་བོའི་ཁོར་ཡུག་གནད་དོན་གྱི་ཆེས་མཐོའི་ཐབས་ཇུས་རྐྱེན་སྲོལ་ཡིན་ཞིང་། ལོ་གཉིས་ནང་ཐེངས་རེ་སྤེལ་བཞིན་ཡོད་ལ། གོ་ལ་ཧྲིལ་བོའི་ཁོར་ཡུག་གྲོས་རིམ་གཏན་འབེབས་བྱེད་པ་དང་། ཆེ་མཐོང་སྲིད་ཇུས་ཀྱི་མཛུབ་ཁྲིད་འདོན་སྤྲོད་བྱེད་པ། གསར་དར་ཁོར་ཡུག་གི་འགྲན་རྩོད་ཐག་གཅོད་བྱེད་པའི་སྲིད་ཇུས་དང་ཐབས་ཇུས་གཏན་འབེབས་བྱེད་པ་བཅས་ཀྱི་འགན་ཁུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ནི་སྔོན་ཆད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་ལས་འཛིན་ལྷན་ཚོགས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།