
མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས8ཉིན་བྲེལ་མྱུར་རོགས་སྐྱོར་འབོད་སྐུལ་ཅིག་བཏང་སྟེ། གོ་ལ་ཧྲིལ་བོའི་མི་ཆོས་རིང་ལུགས་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་བསྡུས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་བཀོལ་རྒྱུ་དེ་ཡིན་པ་དང་། 2026ལོར་མི་བྱེ་བ་བརྒྱད་དང་ས་ཡ་བདུན་གྱི་ཚེ་སྲོག་སྐྱོབ་དགོས་པས། མཇུག་མཐའི་དམིགས་འབེན་ནི2026ལོར་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་བསྡུ་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་གཞོན་པའམ་བྲེལ་མྱུར་རོགས་སྐྱོར་གྱི་མཐུན་སྦྱོར་བ་ཐང་མུའུ་ཧྥོ་ལའེ་ཁྲུ་ཡིས་ཉིན་དེར་སྨྱན་བྱད་ལ་གསར་དུ་སྤེལ་བའི2026ལོའི་གོ་ལ་ཧྲིལ་བོའི་མི་ཆོས་རིང་ལུགས་ཀྱི་སྤྱི་བཤད་ཅེས་པའི་སྙན་ཞུ་མཚམས་སྦྱོར་བྱས་པར་མ་ཟད། 2025ལོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནས་ཚུལ་ལ་དཔྱད་འཇོག་བྱས། ཁོས་བསྟན་དོན། 2025ལོར་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཀྱི་ཞལ་འདེབས་མ་དངུལ་ཙམ་ལས་བསྡུ་ཐུབ་མེད་ལ། ལོ་བཅུའི་རིང་ཆེས་དམའ་བའི་ཚད་ཡིན། མི་བྱེ་བ་དགུ་དང་ས་ཡ་བརྒྱད་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐོབ་ཡོད་པ་དང་། 2024ལོ་དང་བསྡུར་ན་མི་བྱེ་བ་གཉིས་དང་ས་ཡ་ལྔ་ཇེ་ཉུང་དུ་སོང་ཡོད་ཟེར།
དེར་དམིགས་ནས་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས2026ལོར་རོགས་སྐྱོར་མ་དངུལ་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་བསྡུ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མ་དངུལ་དེ་དག་རྒྱལ་ཁབ་འགུལ་སྐྱོད་སྣ23དང་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ལ་ཁ་ཕྱོགས་པའི་རྣམ་གྲངས6བརྒྱུད་དེ། རྒྱལ་ཁབ50ཡི་མི་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔར་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ལས་ཁུངས་དེས་ད་རུང་བསྟན་དོན། 2026ལོར། གཞི་རྒྱ་ཆེས་ཆེ་བའི་གཅིག་རྐྱེན་རྣམ་གྲངས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་མངའ་ཁོངས་ལ་ཁ་ཕྱོགས་ཡོས་པ་དང་། མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་བསྡུས་ནས་མི་ས་ཡ་གསུམ་ལ་རོགས་སྐྱོར་བྱེད་དགོས། དེ་ལས་གཞན་སུའུ་ཏན་དུ་མི་བྱེ་བ་གཉིས་ཙམ་ཡོད་ལ། མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུའི་རོགས་སྐྱོར་མ་དངུལ་དགོས་པ་དང་། སི་རི་ཡཱ་རུ་མི་ས་ཡ་བརྒྱད་དང་འབུམ་དྲུག་ལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་ཀྱི་རོགས་སྐྱོར་མ་དངུལ་མཁོ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།