ཁོ་ཐེ་ཏི་ཝོར་གྱི་སྲིད་འཛིན་ཝཱ་ཐཱ་ལཱ་ཡིས་དམ་བཅའ་བཞག་སྟེ་འགན་ཡུན་གསར་བའི་མགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཁོ་ཐེ་ཏི་ཝོར་གྱི་ད་ལྟའི་སྲིད་འཛིན་ཝ་ཐཱ་ལཱ་ཡིས་ཚེས8ཉིན་དཔལ་འབྱོར་རྒྱལ་ས་ཨ་པུས་རང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། སྐབས་གསར་བའི་ལོ་ལྔའི་ཙུང་ཐུང་གི་འགན་ཡུན་མགོ་བརྩམས་པ་རེད།

སྲིད་འཛིན་བཞུགས་ཤག་གིས་སྤེལ་བའི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་། ཁོ་ཐེ་ཏི་ཝོར་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཟླ10བའི་ཚེས25ཉིན་གྱི་སྲིད་འཛིན་འདེམ་བསྐོའི་མཇུག་མཐའི་སྤྱི་བསྒྲགས་སྤེལ་བ་དང་། ཝ་ཐཱ་ལཱ་ཡིས་སྲིད་འཛིན་གྱི་ལས་འགན་ཁུར་བའི་མནའ་ཚིག་སྒྲོག་འདོན་བྱས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མགོ་གཙོ་བཅུ་ལྷག་དང་ཨ་ཧྥེ་རི་ཁ་གླིང་གི་སྔོན་ཆད་ཀྱི་སྲིད་གཞུང་གི་མགོ་གཙོ་མང་བོ་མཛད་སྒོར་ཞུགས།

ཝ་ཐཱ་ལཱ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་ཁོ་ཐེ་ཏི་ཝོར་གྱི་ཉེ་བའི་ལོ་ངོ15རིང་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཨ་ཧྥེ་རི་ཁ་གླིང་ནུབ་མའི་རྒྱལ་ཁབ་དག་གི་མདུན་དུ་ལྷགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་དང་འབྲུ་རིགས་བདེ་འཇགས་སོགས་ཀྱི་འགྲན་རྩོད་བསྟན་པ་དང་། ཁོ་ཐེ་ཏི་ཝོར་དེ་ས་ཁོངས་ཀྱི་ནུས་ཁུངས་ལྟེ་གནས་སུ་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་རྒྱུ་ནན་བཤད་བྱས་པར་མ་ཟད། ན་གཞོན་དང་བུད་མེད་ཀྱི་འཕེལ་རྒྱས་གྲོས་གཞི་དེ་སྲིད་ཇུས་ཀྱི་སྙིང་བོར་བྱེད་རྒྱུ་ཡིན་ཟེར།

ཝ་ཐཱ་ལཱ་ཡིས་ད་རུང་བཤད་རྒྱུར། ཕྱིན་ཆད་ཀྱི་ལོ་ལྔའི་ནང་། ཁོ་ཐེ་ཏི་ཝོར་གྱིས་དཔལ་འབྱོར་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་ནུས་པ་ལྡན་པའི་བཟོ་ལས་མ་ལག་འཕེལ་རྒྱས་སུ་གཏོང་བ། སྔར་ལས་གསོན་ཤུགས་ལྡན་པའི་སྒེར་གཉེར་སྡེ་ཁག་གསོ་སྤེལ་བྱེད་རྒྱུ་མ་ཟད། དེང་རབས་ཅན་གྱི་ནུས་ཁུངས་དང་འགྲིམ་འགྲུལ། གཞི་གྲངས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།