
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས8ཉིན་གྱི་ཕྱི་དྲོར་ཕོ་བྲང་དཀར་པོ་ནས་ཁྱབ་བསྒྲགས་བྱས་དོན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཨ་མེ་རི་ཁའི་ཞིང་བར་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཨ་མེ་རི་ཁའི་སྒོ་ཁྲལ་སྲིད་ཇུས་ལས་ཨ་མེ་རི་ཁའི་ཞིང་ལས་ལ་ཐེབས་པའི་གནོད་པ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་སྲིད་གཞུང་གིས་ད་ལོར་ཁྱབ་ཁོངས་ཆེ་བའི་སྒོ་ཁྲལ་ཁ་སྣོན་སྲིད་ཇུས་བཏོན་ནས། གོ་ལ་ཧྲིལ་བོའི་ཉོ་ཚོང་སྒྲིག་ལམ་ལ་རྙོག་དྲ་བཟོས་པ་དང་། མཇུག་མཐར་ཨ་མེ་རི་ཁའི་ཕྱི་གཏོང་ཚོང་རར་བཀག་རྒྱ་ཐེབས་ཡོད། ཨ་མེ་རི་ཁའི་སྲན་མ་དང་མ་རྨོས་ལོ་ཏོག་སོགས་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་འཚོང་རིན་གོང་དམའ་བ་དང་། ལུད་རྫས་དང་ཞིང་ལས་འཕྲུལ་ཆས་ཀྱི་རིན་གོང་ཇེ་མཐོར་སོང་བས། ཨ་མེ་རི་ཁའི་ཞིང་རའི་ཚོང་གཉེར་ཐད་ཁེ་སྤོགས་ཐོབ་དཀའ་བ་དང་ཞིང་བ་མི་ཉུང་བ་ཞིག་དཀའ་ཁག་གི་གནས་སུ་ལྷུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།