ཧི་ལན་གྱིས་ནོར་སྲིད་ཀྱི་མ་དངུལ་ལྷག་མ་བཀོལ་ནས་ཝུའུ་ཁི་ལན་ལ་ཡོ་སྒོར་དུང་ཕྱུར་བདུན་གྱི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཧི་ལན་སྲིད་གཞུང་གིས་ཚེས8ཉིན་ཁྱབ་བསྒྲགས་བྱས་དོན། ད་ལོའི་ནོར་སྲིད་ཀྱི་མ་དངུལ་ལྷག་མའི་ཁྲོད་ཀྱི་ཡོ་སྒོར་དུང་ཕྱུར་བདུན་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས2ཉིན། ཧི་ལན་དམངས་གྲོས་ཁང་གིས་གྲོས་ཆོད་ཅིག་བཀོད་དེ། ཧི་ལན་སྲིད་གཞུང་གིས་སང་ལོར་ཡོ་སྒོར་ཐེར་འབུམ་གཉིས་ཁ་སྣོན་བྱས་ཏེ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། ཚེས8ཉིན། ཧི་ལན་ནོར་སྲིད་པུའུ་དང་རྒྱལ་སྲུང་པུའུ། ཕྱི་འབྲེལ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་གྲོས་ཁང་ལ་གྲོས་ཆོད་དེ་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། སྔོན་ལ་རྒྱལ་སྲུང་གི་སྔོན་རྩིས་ལྷག་མ་ཡོ་སྒོར་དུང་ཕྱུར་ལྔ་དང་ཕྱི་འབྲེལ་གྱི་སྔོན་རྩིས་ལྷག་མ་ཡོ་སྒོར་དུང་ཕྱུར་གཉིས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། དེའི་འཕྲོའི་མ་དངུལ་དག་སང་ལོའི་ལོ་མགོར་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་རྒྱུ་རེད།

ཧི་ལན་སྲིད་གཞུང་གིས་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་གྱི་མ་དངུལ་འབོར་ཆེན་ཡིན་པས། མ་དངུལ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་བགོ་བྱེད་དགོས་ཟེར། ཧི་ལན་གྱི་སང་ལོའི་ནོར་སྲིད་གནས་ཚུལ་ཅུང་མི་བཟང་བས། མུ་མཐུད་དུ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པར་དཀའ་ཁག་ཡོད་ལ། དུས་ཡུན་ཐུང་ངུའི་ནང་ཆ་རྐྱེན་འོས་འཚམ་བེད་སྤྱད་དེ་ཨུ་རུ་སིའི་ཡོ་རོབ་གླིང་དུ་བཀག་ཉར་བྱས་ཡོད་པའི་རྒྱུ་ནོར་བེད་སྤྱོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།