
ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་ཡིས་ཚེས8ཉིན་བཤད་རྒྱུར། ཨ་མེ་རི་ཁས་གསར་དུ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་སྙན་ཞུའི་ཁྲོད་ཡོ་རོབ་གླིང་ནང་ཁུལ་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་རྒྱུའི་འཇིགས་སྐུལ་བྱས་པ་དེ་དང་ལེན་བྱེད་ཐབས་མེད་ཟེར།
ཁི་སི་ཐཱ་ཡིས་ཕཱ་རེ་སི་རུ་ཧྥ་རན་སིའི་རིག་མཛོད་ཡཱ་ཁི་ཏི་ལོ་ཨར་ཞིབ་འཇུག་ཁང་གི་ལོ་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྙན་ཞུ་ལས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་དེ་མནའ་མཐུན་གྲོགས་པོར་བཤད་ཡོད་ཀྱང་། གལ་ཏེ་མནའ་མཐུན་གྲོགས་པོ་ཡིན་ན། ངེས་པར་དུ་མནའ་མཐུན་གྲོགས་པོའི་ཐབས་ཀྱིས་བྱ་སྤྱོད་སྤེལ་དགོས། མནའ་མཐུན་གྲོགས་པོས་མནའ་མཐུན་གྲོགས་པོ་གཞན་པའི་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཐེ་གཏོགས་བྱེད་པའི་འཇིགས་སྐུལ་བྱེད་མི་སྲིད་ལ། ནང་ཁུལ་གྱི་ཆབ་སྲིད་གདམ་གསེས་ལའང་ཐེ་གཏོགས་བྱེད་པའི་འཇིགས་སྐུལ་བྱེད་མི་སྲིད་ཟེར།
ཁི་སི་ཐཱ་ཡིས་བཤད་རྒྱུར། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་འཇིག་རྟེན་ལྟ་བའི་བར་ཁྱད་ཇེ་ཆེར་འགྲོ་བཞིན་ཡོད། ཨ་མེ་རི་ཁས་ད་ལྟ་ཕྱོགས་མང་རིང་ལུགས་ཁས་ལེན་མི་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དེ་རང་ཉིད་ལ་ཚད་བཀག་བྱེད་པའི་སྒྲོམ་གཞིར་བརྩིས་མེད་པར་མ་ཟད། ཐ་ན་ནམ་ཟླའི་འགྱུར་ལྡོག་དེ་རྫུན་གཏམ་དུ་རློམ་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་སྙན་ཞུ་ལས་ཡོ་རོབ་གླིང་དང་འབྲེལ་བའི་ནང་དོན་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་སྐོར་གྱི་གནས་ཚུལ་གླེང་སྐབས། ཁི་སི་ཐཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་འཐབ་ཇུས་གསར་བ་ལས་ནན་བཤད་བྱས་པ་ནི་ངོ་རྒོལ་མཇུག་སྒྲིལ་བ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་གཏན་འཇགས་ཡོང་བ་དེ་ཡིན་པ་ལས། དྲང་བདེན་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པ་དེ་མ་རེད་ཟེར།
ཁི་སི་ཐཱ་ཡིས་བསྟན་དོན། ཡོ་རོབ་གླིང་གིས་ངེས་པར་དུ་ཨ་མེ་རི་ཁས་གསར་དུ་སྤེལ་བའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་སྐོར་ཀྱི་སྙན་ཞུར་གདོང་གཏོད་དགོས་པར་མ་ཟད། དེ་གཞིར་བཟུང་ནས་རྒོལ་ལན་སྤྲད་དེ་ལེགས་སྒྲིག་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་ནི་སྔར་བཞིན་མནའ་མཐུན་གྲོགས་པོ་གཙོ་བོ་ཡིན་ལ། ཨ་མེ་རི་ཁ་ནི་དཔལ་འབྱོར་གྲོགས་པོ་གལ་ཆེན་ཡང་ཡིན། ཡིན་ཡང་ང་ཚོའི་ཡོ་རོབ་གླིང་དུ་ངེས་པར་དུ་བདག་དབང་རང་བདག་མངོན་འགྱུར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།