འཇར་མན་གྱི་ཙུང་ལི་ཡིས་ཡོ་རོབ་གླིང་གིས་ཨ་མེ་རི་ཁའི་བདེ་འཇགས་འཐབ་ཇུས་ཀྱི་ནང་དོན་སྐོར་ཞིག་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས9ཉིན་བསྟན་དོན། ཉེ་སྔོན་སྤེལ་བའི་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་སྙན་ཞུའི་ཁྲོད་ཀྱི་ནང་དོན་སྐོར་ཞིག་ཡོ་རོབ་གླིང་ལ་མཚོན་ན་དང་ལེན་བྱེད་ཐབས་མེད། འཇར་མན་དང་ཡོ་རོབ་གླིང་གིས་བདེ་འཇགས་སྲིད་ཇུས་ཐད་ནས་ངེས་པར་དུ་ཨ་མེ་རི་ཁའི་བར་འབྲེལ་བ་མེད་པར་བྱེད་དགོས་ཟེར།

མའོ་ཚི་ཡིས་ཉིན་དེར་འཇར་མན་ལྷོ་ནུབ་ཕྱོགས་ཀྱི་ལའེ་ཡུན་ལན་དང་ཕུའུ་ཧྥ་ཨར་ཚི་མངའ་སྡེ་རུ་འཚམས་འདྲི་བྱས་ཏེ་གསར་འགོད་པར་ཐུག་འཕྲད་བྱས། ཁོས་བཤད་རྒྱུར། གཟའ་འཁོར་སྔོན་མར་སྤེལ་བའི་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་སྙན་ཞུའི་དོན་དངོས་གནས་ཚུལ་བློ་ཡུལ་ལས་འདས་པ་ཞིག་མ་ཡིན། ཡོ་རོབ་གླིང་གི་ཕྱོགས་ནས་བལྟས་ན། ཨ་མེ་རི་ཁའི་འཐབ་ཇུས་གསར་བའི་ནང་དོན་སྐོར་ཞིག་རྒྱུས་ལོན་ཐུབ་པ་དང་། རེ་འགའ་ཞིག་དང་ལེན་བྱེད་ཐབས་མེད་ཟེར།

མའོ་ཚི་ཡིས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁ་གཙོར་འཛིན་པར་གནད་དོན་མེད་ཀྱང་། ཨ་མེ་རི་ཁ་ཁེར་རྐྱང་དུ་བུད་ན་ཨ་མེ་རི་ཁ་ཕྱོགས་ཀྱི་ཁེ་ཕན་དང་མི་འཚམ། ཨ་མེ་རི་ཁར་འཛམ་གླིང་སྟེང་གྲོགས་པོ་མཁོ་བ་དང་། ཡོ་རོབ་གླིང་ནི་དེའི་གྲས་སུ་བྱས་ཆོག་ཟེར།

མའོ་ཚི་ཡིས་བཤད་རྒྱུར། ཡོ་རོབ་གླིང་གི་ཐུན་མོང་དམིགས་འབེན་ནི་ཡོ་རོབ་གླིང་སྐམ་སའི་རང་དབང་དང་བདེ་འཇགས། ཞི་བདེ་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཨ་མེ་རི་ཁས་བགྲོད་ལམ་དེའི་སྟེང་ཡོ་རོབ་གླིང་དང་མཉམ་དུ་བསྐྱོད་ཐུབ་པར་རེ་བཞིན་ཡོད། གལ་ཏེ་ཨ་མེ་རི་ཁས་དེ་མི་ཐུབ་ན་ཡོ་རོབ་གླིང་གིས་མ་མཐའ་ཡང་བསམ་བློ་དང་དོན་དངོས་འགུལ་སྐྱོད་ཐད་ནས་དོན་དེར་གྲ་སྒྲིག་གང་ལེགས་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།