
ཉེ་སྔོན་དཔུང་འཇུག་གསར་དུ་བྱེད་བཞིན་པའི་ཁོང་གོ་ཅིན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ M23ལས་འགུལ་ཞེས་པས་ཚེས9ཉིན་བསྐྱར་སྒྲོག་བྱས་དོན། མུ་མཐུད་དུ་སྲིད་གཞུང་བར་གྲོས་མོལ་བྱས་ཏེ། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
M23ལས་འགུལ་ཞེས་པ་ཆབ་སྲིད་དམག་དོན་མནའ་འབྲེལ་ཁོང་གོ་ཆུ་བོའི་མནའ་འབྲེལ་གྱི་འགོ་ཁྲིད་པ་ནན་ཅཱ་ཡིས་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀི་མཱ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མིག་སྔའི་ཉམས་ཉེན་དེ་ནི་ནང་ཁུལ་གྱི་གནད་དོན་ཡིན་པ་དང་། རྩ་འཛུགས་དེས་ནམ་རྒྱུན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འདོད་བློ་བཏོན་ཡོད་ཟེར། ཁོས་ད་རུང་ཁོང་གོ་ཅིན་གྱི་སྲིད་གཞུང་དམག་དཔུང་གིས་ཐེངས་མང་བོར་འཁྲུག་རྩོད་མཚམས་འཇོག་པའི་ཐུན་མོང་ལྟ་ཚུལ་དང་འགལ་བའི་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས།
ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ཀྱིས་ཚེས8ཉིན་རྒྱལ་ས་ཅིན་ཧྲ་སཱ་ནས་རྒྱལ་ཡོངས་གཏམ་བཤད་སྤེལ་ཏེ། M23ལས་འགུལ་ཞེས་པས་མིག་སྔར་ཅི་ཝུའུ་བྱང་མ་ཞིང་ཆེན་ནས་སྲིད་གཞུང་དམག་དཔུང་ལ་དཔུང་འཇུག་བྱེད་བཞིན་ཡོད་ཟེར། ས་དེའི་སྨྱན་བྱད་ཀྱིས་ཚེས9ཉིན་བསྒྲགས་པ་ལྟར་ན། འཁྲུག་རྩོད་དེ་ཞིང་ཆེན་དེའི་འཐབ་ཇུས་གནད་ས་ཝུའུ་ཝེ་ལཱ་གྲོང་ཁྱེར་དང་ཇེ་ཉེར་འགྲོ་བཞིན་ཡོད་ཟེར།
M23ལས་འགུལ་ཞེས་པའི་ཆབ་སྲིད་འགོ་ཁྲིད་པ་པུས་ཞི་མུའུ་ཝ་ཡིས་བདེན་དཔང་བྱས་དོན། ཕྱོགས་གཉིས་ཀྱིས་མིག་སྔར་ཝུའུ་ཝེ་ལཱ་ཉེ་འཁོར་ས་ཁུལ་དུ་འཐབ་འཁྲུག་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། M23ལས་འགུལ་ཞེས་པའི་འཐུས་ཚབ་ཚོགས་པ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་སོང་ནས། ཅི་ཝུའུ་ལྷོ་མའི་གནས་བབ་ཐད་ནས་སྲིད་གཞུང་བར་མུ་མཐུད་དུ་གྲོས་མོལ་བྱེད་པར་རེ་བཞིན་ཡོད་ཟེར།
ཅི་ཝུའུ་ལྷོ་མ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཁཱ་པུས་ཀྱིས་ཚེས9ཉིན་སྨྱན་བྱད་ལ་བསྟན་དོན། ཝུའུ་ཝེ་ལཱ་རུ་ཉིན་དེར་རྫུན་གཏམ་དབང་གིས་འཇིགས་དངངས་བྱུང་ཡོད་ཀྱང་། གྲོང་ཁྱེར་ནང་ཁུལ་དུ་མིག་སྔར་ཞི་འཇགས་སུ་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།