
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས9ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་འདེམ་བསྐོའི་བདེ་འཇགས་ལ་འགན་སྲུང་བྱེད་ན། ཝུའུ་ཁི་ལན་གྱིས་ཉིན60ནས90ནང་འདེམ་བསྐོའི་བྱ་འགུལ་སྤེལ་འདོད་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་རོགས་རམ་བྱས་ཏེ། འདེམ་བསྐོའི་བདེ་འཇགས་ལ་འགན་སྲུང་བྱེད་ན། ཝུའུ་ཁི་ལན་གྱིས་ཉིན60ནས་ཉིན90ནང་འདེམ་བསྐོའི་བྱ་འགུལ་སྤེལ་འདོད་ཡོད་ལ། ང་རང་ཉིད་ཀྱིས་དོན་དེར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། ཁོས་ཝུའུ་ཁི་ལན་གྱི་གྲོས་ཁང་གི་སྲིད་འཛིན་ཏང་གི་གྲོས་མིས་གྲོས་གཞི་བཏོན་ནས་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་བྱས་ཏེ། འཐབ་འཁྲུག་བྱུང་བའི་གནས་ཚུལ་འོག་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྨང་འདིང་དགོས་པའི་རེ་བ་བཏོན་ཡོད་ཀྱང་། འདེམ་བསྐོ་གང་ཡིན་གྱི་སྔོན་འགྲོའི་ཆ་རྐྱེན་ནི་བདེ་འཇགས་ཀྱི་འདེམ་ཤོག་འཕེན་པའི་ཁོར་ཡུག་ཅིག་ལ་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་འདེམ་བསྐོའི་སྐོར་གྱི་རྣམ་འགྱུར་གསར་བ་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཝུའུ་ཁི་ལན་གྱི་སྲིད་གཞུང་གིས་འཐབ་འཁྲུག་ལ་ཁ་གཡར་ནས་འདེམ་བསྐོའི་བྱ་འགུལ་ལ་གཡོལ་ཐབས་མེད་པའི་སྐོར་གྱི་སྐྱོན་འཛུགས་དེར་རྒོལ་ལན་སྤྲོད་ཆེད་རེད། ཐི་ལིང་ཕུའུ་ཡིས་ཚེས8ཉིན་ཨ་མེ་རི་ཁའི་ཆབ་སྲིད་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཝུའུ་ཁི་ལན་རྒྱལ་ཁབ་དེ་སྔར་བཞིན་དམངས་གཙོའི་རྒྱལ་ཁབ་ཡིན་མིན་ལ་དོགས་གཞི་ཡོད་ཟེར།
ཝུའུ་ཁི་ལན་གྱི་བཅའ་ཁྲིམས་ལས་རྒྱལ་ཁབ་ལ་འཐབ་འཁྲུག་བྱུང་བའི་གནས་ཚུལ་འོག་འདེམ་བསྐོའི་བྱ་འགུལ་སྤེལ་བར་གཏན་འགོག་བྱས་ཡོད། ཝུའུ་ཁི་ལན་གྱི་སྲིད་འཛིན་འདེམ་བསྐོའི་བྱ་འགུལ་དེ2024ལོའི་ཟླ3པར་སྤེལ་དགོས་ཀྱང་། 2022ལོའི་ཟླ2པར་ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཝུའུ་ཁི་ལན་གྱིས་ཡང་དང་བསྐྱར་དུ་རྒྱལ་ཁབ་ཀྱི་འཐབ་འཁྲུག་གི་རྣམ་པའི་ཡུན་ཚད་ཇེ་རིང་དུ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།