
ཨུ་རུ་སིའི་ས་གནས་དཔོན་རིགས་ཀྱིས་ཚེས9ཉིན་སྐབས་བཅོ་ལྔ་བའི་གླིང་སྣེ་བྱང་མའི་ད་ལྟའི་གནས་བབ་དང་མ་འོངས་པ་ཞེས་པའི་རྒྱལ་སྤྱིའི་གླེང་སྟེགས་སྟེང་བསྟན་དོན། གླིང་སྣེ་བྱང་མའི་སྐྱེལ་འདྲེན་རྒྱུ་ལམ་ནི་རྒྱལ་སྤྱིའི་སྐྱེལ་འདྲེན་རྒྱུ་ལམ་གལ་ཆེན་ཞིག་ཡིན་ཞིང་། ཨུ་རུ་སིའི་ཕྱོགས་ཀྱིས་གླིང་སྣེ་བྱང་མའི་འགྲུལ་ལམ་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་བྱང་ངོས་དངོས་ཟོང་སྐྱེལ་འདྲེན་འགན་སྲུང་མ་ལག་འཛུགས་རྒྱུ་ཡིན་པ་དང་། ཕྱི་རྒྱལ་གྱི་མཉམ་ལས་གྲོགས་པོ་དག་གླིང་སྣེ་བྱང་མའི་སྐྱེལ་འདྲེན་རྒྱུ་ལམ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།
ཨུ་རུ་སིའི་མའོ་ཨར་མན་སི་ཁི་མངའ་སྡེའི་འགོ་ཁྲིད་པ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་གླིང་སྣེ་བྱང་མ་དང་བྱང་ངོས་ཀྱི་འགྲུལ་ལམ་ཞེས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཆི་པུས་སི་ཡིས་གླེང་སྟེགས་སྟེང་བཤད་རྒྱུར། གླིང་སྣེ་བྱང་མ་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་ནི་ཨུ་རུ་སིའི་དུས་རབས་ཉེར་གཅིག་པའི་མཚོན་རྟགས་རང་བཞིན་ལྡན་པའི་དོན་ཆེན་ཞིག་ཡིན། མིག་སྔར་ཨུ་རུ་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་དུ་ལས་གཞི་སྟོང་འཕྲག་འགའ་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྤྱིའི་མ་དངུལ་བཏང་ཚད་ཨུ་རུ་སིའི་སྒོར་མོ་རབ་ཀྲམ་གསུམ་དང་ཁྲག་ཁྲིག་ཆེན་མོ་ལྔར་བསླེབས་ཡོད་ཟེར།
ཆི་པུས་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་གྱི་རྡོ་སྣུམ་དང་སོལ་རླངས། གཏེར་ཁའི་ཐོན་རྫས་བཅས་ཀྱི་གསར་སྤེལ་ལ་ཤུགས་སྣོན་བྱས་ཤིང་། ཐོན་ཁུངས་སྔོག་འདོན་དང་ལས་སྣོན་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གསར་བ་ལས་མགོ་བརྩམས་ཏེ། གླིང་སྣེ་བྱང་མ་བརྒལ་བའི་སྐྱེལ་འདྲེན་རྒྱུ་ལམ་གྱི་བེད་སྤྱོད་ནུས་པར་འགན་སྲུང་བྱས་ནས་གླིང་སྣེ་བྱང་མ་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
ཨུ་སི་སིའི་ཨ་ཨར་ཧན་ཀི་ཨར་སི་ཁི་མངའ་སྡེའི་འགོ་ཁྲིད་པ་ཆི་པུའུ་ཨར་སི་ཅི་ཡིས་གླེང་སྟེགས་སྟེང་བཤད་རྒྱུར། གླིང་སྣེ་བྱང་མ་བརྒལ་བའི་སྐྱེལ་འདྲེན་རྒྱུ་ལམ་ནི་རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་སྲོག་རྩ་ཆེན་པོ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་བོའི་དངོས་སྐྱེལ་གྱི་གདམ་གསེས་གསར་བ་ཞིག་ཏུ་འགྱུར་ཆོག་ཆོག་ཡིན་ལ། གོ་ལ་ཧྲིལ་བོའི་ཉོ་ཚོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་ཐུབ་ངེས་རེད་ཟེར། ཁོས་བསྟན་དོན། ཕྱི་རྒྱལ་གྱི་གྲོགས་པོའི་བར་མཉམ་ལས་བྱས་ནས་གྲུ་ཁ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། གླིང་སྣེ་བྱང་མའི་སྐྱེལ་འདྲེན་རྒྱུ་ལམ་འཛུགས་སྐྲུན་བྱེད་པར་མཉམ་ཞུགས་བྱེད་པར་རེ་བཞིན་ཡོད་ཟེར།
གླིང་སྣེ་བྱང་མ་བརྒལ་བའི་སྐྱེལ་འདྲེན་རྒྱུ་ལམ་ལ་གླིང་སྣེ་བྱང་མའི་འགྲུལ་ལམ་དང་གྲུ་ཁ་སོགས་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་ཆས་འདུས་ཡོད། གླིང་སྣེ་བྱང་མའི་འགྲུལ་ལམ་ནི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་། མེ་གླིང་བྱང་མ་བཅས་གླིང་ཆེན་གསུམ་གཅིག་ཏུ་སྦྲེལ་བའི་བར་ཐག་ཆེས་ཉེ་བའི་མཚོ་ཐོག་འགུལ་ལམ་ཞིག་ཡིན་པ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་གླིང་སྣེ་བྱང་མའི་འགྲུལ་ལམ་དེ་སུའུ་དབྱེ་ཧྲི་མིས་བཟོས་གཙང་བོའི་འགྲུལ་ལམ་གྱི་ཚབ་བྱེད་དུ་གསར་བསྐྲུན་བྱས་ནས། སྐྱེལ་འདྲེན་གྱི་མ་རྩ་ཇེ་དམའ་རུ་གཏོང་འདོད་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།