
མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་ཚེས10ཉིན་བསྟན་དོན། ཁོས་ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་ཁ་པར་གྲོས་མོལ་བྱས་ཏེ། ཁམ་ཕུ་ཀྲེ་དང་ཐེ་གོའི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ཐད་ནས་འབྲེལ་འདྲིས་བྱས་པ་དང་། ཞི་བདེ་སླར་གསོ་བྱེད་པའི་ཐབས་ལམ་གྲོས་བསྡུར་བྱས། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱས་ནས། གནས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཨན་ཝ་ཨར་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཁོས་ཚེས9ཉིན་ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ཡོད་ལ། གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་བའི་ནོར་འཆུག་གི་བྱ་སྤྱོད་གང་རུང་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།
ཨན་ཝ་ཨར་གྱིས་བསྟན་དོན། མཱ་ལེ་ཞི་ཡཱ་ཡིས་མུ་མཐུད་དུ་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ནས་རྩོད་གླེང་ཐག་གཅོད་བྱེད་པ་དང་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།
ཚེས7ཉིན་ནས་བཟུང་། ཁམ་ཕུ་ཀྲེ་དང་ཐེ་གོའི་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་དྲག་པོ་བྱུང་། ས་ཁུལ་མང་བོར་མེ་སྒྱོགས་ཀྱི་འཇབ་རྒོལ་མང་དུ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་སྐྱོན་འཛུགས་བྱེད་བཞིན་ཡོད། ཟླ་ངོ་གཉིས་ཙམ་གྱི་ཡར་སྔོན་དུ། ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་མཉམ་འབྲེལ་གསལ་སྒྲོག་བཀོད་མ་ཐག་རེད།
མཱ་ལེ་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། མཱ་ལེ་ཞི་ཡཱའི་སྲིད་གཞུང་གིས་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ནས། འཁྲུག་རྩོད་བྱུང་ན་དུས་ལྟར་བྱེད་ཐབས་སྤྱད་དེ་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། མུ་མཐུད་དུ་གྲོས་མོལ་བྱེད་པ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཕྱི་འབྲེལ་བྱེད་ཐབས། ད་ཡོད་ཀྱི་རྐྱེན་སྲོལ་བཅས་ལ་བརྩི་འཇོག་བྱས་ན། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།