
པའོ་ལེ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས9ཉིན་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
སྤྱི་སྒྲོག་ལས་བཤད་རྒྱུར། པའོ་ལེ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་མཱ་ཡའོ་དང་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་སཱ་ཨར་གཉིས་ཀྱིས་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་གྲོས་མཐུན་བཀོད་དེ། རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཆོད་དོན་དེ་ལས་རྒྱལ་ཁབ་གཉིས་ཀྱི་ཡིད་ཆེས་སླར་གསོ་དང་མཉམ་ལས་སླར་གསོ་བྱས་པ་མཚོན་ཡོད་ཟེར།
སྤྱི་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་ཐུང་ངུའི་ནང་གཞུང་ཚབ་ཆེན་མོ་བསྐོ་འཇོག་བྱེད་རྒྱུ་མ་ཟད། རིམ་པ་མཐོ་བའི་བྱ་བའི་ཚན་ཆུང་བཙུགས་ནས་རྒྱུན་སྡོད་ཀྱི་གཞུང་ཚབ་ཁང་འཛུགས་པའི་ཇུས་གཞི་གཏན་འབེབས་བྱེད་རྒྱུ་ཡིན་ལ། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཁེ་ལེ་བར་གྱི་དཔོན་ཕྱོགས་དང་མི་སྒེར་གྱི་འཚམས་འདྲི་སླར་གསོ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་བསྟུད་མར་ཆབ་སྲིད་གྲོས་མོལ་སྤེལ་ནས། ཕྱོགས་གཉིས་དང་ས་ཁུལ་ཡོངས། ཕྱོགས་མང་བོའི་བར་གྱི་འབྲེལ་གཏུགས་ལ་ཤུགས་སྣོན་བྱེད་རྒྱུ་རེད་ཟེར།
པའོ་ལེ་ཝེ་ཡཱ་དང་དབྱི་སི་རལ་གྱིས1950ལོར་འབྲེལ་བ་བཙུགས་པ་ཡིན་ཞིང་། 2009ལོར་པའོ་ལེ་ཝེ་ཡཱ་ཡིས་དབྱི་སི་རལ་བར་གྱི་འབྲེལ་ཐག་བཅད་པ་ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱས། 2020ལོར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་། 2023ལོའི་ཟླ10བར། པའོ་ལེ་ཝེ་ཡཱའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་མི་དམངས་ལ་བཟོས་པའི་ཉེས་སྤྱོད་ལ་བསམ་བློ་བཏང་སྟེ། དབྱི་སི་རལ་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།