2025ལོའི་ནོའུ་པེར་བྱ་དགའ་སྟེར་བའི་མཛད་སྒོ་སི་ཏི་ཀི་ཨར་མའོ་ནས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

2025ལོའི་ནོའུ་པེར་དངོས་ལུགས་རིག་པའི་བྱ་དགའ་དང་རྫས་འགྱུར་རིག་པའི་བྱ་དགའ། སྐྱེ་ཁམས་སམ་གསོ་རིག་བྱ་དགའ། རྩོམ་རིག་བྱ་དགའ། དཔལ་འབྱོར་རིག་པའི་བྱ་དགའ་བཅས་སྟེར་བའི་མཛད་སྒོ་ཚེས10ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་སྤེལ།

དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་འཐུས་མིས་སོ་སོར་བྱ་དགའ་ཐོབ་མཁན་གྱི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཁཱ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའུ་ཡིས་བྱ་དགའ་ཐོབ་རེ་རེར་ནོའུ་པེར་བྱ་དགའི་དཔང་ཡིག་དང་བྱ་དགའི་རྟགས་མ། བྱ་དགའི་མ་དངུལ་བཅས་བྱིན། ད་ལོར་ནོའུ་པེར་བྱ་དགའ་རེ་རེའི་བྱ་དགའི་མ་དངུལ་ནི་སུའེ་ཏེན་གྱི་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཅིག་ཡིན་པ་རེད། སུའེ་ཏེན་གྱི་རྒྱལ་རྒྱུད་ཁོངས་མི་གཙོ་བོ། ཆབ་སྲིད་ལས་རིགས་ཀྱི་མགོ་ཁྲིད་པ་སོགས་འདུས་པའི་མི་སྟོང་ཕྲག་ལྷག་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས།

ཟླ12པའི་ཚེས10ཉིན་ནི་སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ། གསར་གཏོད་མཁན་ནོའུ་པེར་སྐུ་གཤེགས་པའི་རྗེས་དྲན་ཉིན་མོ་ཡིན་པ་དང་། ལོ་རེའི་ནོའུ་པེར་བྱ་དགའ་སྟེར་བའི་མཛད་སྒོ་ཉིན་དེར་སྤེལ་བར་བཀོད་སྒྲིག་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།