
ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཚེས10ཉིན་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས9ཉིན་ལེ་པཱ་ནུན་གྱི་མངའ་ཁོངས་སུ་རྒྱལ་མཚམས་ཉེ་འདབས་སུ་སྐོར་གཡེང་བྱེད་པའི་ཞི་བདེ་སྲུང་སྐྱོབ་མི་སྣའི་རླངས་འཁོར་རུ་ཁག་ལ་ཐན་ཁི་བཀོལ་ནས་འཇབ་རྒོལ་བྱས་ཀྱང་། སྟབས་ལེགས་པ་ཞིག་ལ་མི་སྣར་ཤི་རྨས་བཟོས་མེད། དེ་ནི་ཟླ་ངོ་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་གཉིས་པར་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་མཱེ་ཁཱ་ཝ་ཞེས་པའི་ཐན་ཁི་འཁོར་ལོ་ཞིག་གིས་རླངས་འཁོར་རུ་ཁག་ལ་མེ་མདས་བསྐོར་བརྒྱག་བྱས་པ་དང་། དེའི་རྗེས་སུ་རླངས་འཁོར་རུ་ཁག་གི་ཉེ་འདབས་སུ་ཡང་བསྐྱར་མེ་མདས་བསྐོར་བརྒྱག་བྱས་པ་རེད། ཞི་བདེ་སྲུང་སྐྱོབ་མི་སྣས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་འབྲེལ་གཏུག་ཐབས་ལམ་བརྒྱུད་དེ་དབྱི་སི་རལ་གྱིས་མེ་མདས་བརྒྱག་མཚམས་འཇོག་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་བཤད་རྒྱུར། རྒྱུན་སྲོལ་ལྟར་ན། ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་རྒྱལ་མཚམས་ཉེ་འདབས་སུ་སྐོར་གཡེང་བྱེད་པའི་དུས་ཚོད་དང་ལམ་ཐིག་སྔོན་ནས་དབྱི་སི་རལ་གྱི་དམག་དཔུང་ལ་བརྡ་བཏང་ཡོད་པ་རེད།
ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་བྱས་པའམ་དེའི་ཉེ་འཁོར་དུ་མེ་མདས་བརྒྱབ་པའི་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་འགལ་ཡོད་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་མཚམས་བཞག་སྟེ། ཞི་བདེ་སྲུང་སྐྱོབ་མི་སྣས་མུ་མཐུད་དུ་རྒྱལ་མཚམས་ས་ཁུལ་དུ་ལས་འགན་ལག་བསྟར་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།