ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་ཉམས་ཉེན་གྱི་འབྱུང་རྐྱེན་མེད་པར་མ་བཟོས་ན་གཏན་འཇགས་ངང་གནད་དོན་ཐག་གཅོད་བྱེད་ཐབས་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས10ཉིན་ཨུ་རུ་སིའི་གྲོས་ཁང་གོང་མ་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐག་གཅོད་བྱེད་ཆེད་གྲོས་བསྡུར་བྱེད་པར་འཐད་པ་བྱུང་ཡོད་ལ། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་གལ་ཏེ་ཝུའུ་ཁི་ལན་ཉམས་ཉེན་གྱི་འབྱུང་རྐྱེན་མེད་པར་མ་བཏང་ན་གཏན་འཇགས་ངང་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་གསལ་བོར་ཤེས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་ཚེས2ཉིན་མའོ་སི་ཁོ་རུ་འཚམས་འདྲི་བྱེད་སྐབས། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁས་བཏོན་པའི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་འབྲེལ་ཡོད་གྲོས་གཞིར་གྲོས་བསྡུར་བྱས་ནས། མུ་མཐུད་དུ་བྱ་བ་དེར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། སྲིད་འཛིན་ཕུའུ་ཅིན་གྱིས་བཤད་པ་ནང་བཞིན་ང་ཚོས་ཡོ་རོབ་གླིང་བར་འཐབ་འཁྲུག་བྱེད་འདོད་མེད་ཀྱང་། ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། ཝུའུ་ཁི་ལན་དུ་ཡོ་རོབ་གླིང་གི་དམག་དཔུང་བཀོད་སྒྲིག་བྱེད་པ་དང་ཨུ་རུ་སིའི་རྒྱུ་ནོར་གཞུང་བཞེས་བྱེད་པ་སོགས་དགྲར་འཛིན་གྱི་བྱ་སྤྱོད་གང་རུང་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།