
ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་གིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ། འཇར་མན་གྱི་ཙུང་ལི་མའོ་ཚི་བཅས་ཀྱིས་ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས་ཏེ། གྲུབ་འབྲས་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་།
ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་གིས་བསྟན་དོན། ཁ་པར་གྲོས་མོལ་དེ་སྐར་མ40ཙམ་འགོར་བ་དང་། ཕྱོགས་སོ་སོས་ཨ་མེ་རི་ཁ་གཙོ་བྱས་པའི་བར་འདུམ་གྱི་གྲུབ་འབྲས་གསར་བར་གྲོས་བསྡུར་བྱས་ཏེ། ཝུའུ་ཁི་ལན་དང་ཝུའུ་ཁི་ལན་མི་དམངས། ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་མཚོན་ན། མིག་སྔར་ནི་ཆེས་གནད་འགག་གི་དུས་སྐབས་ཤིག་ཡིན་པར་འདོད།
ཟླ་འདིའི་ཚེས8ཉིན། དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཝུའུ་ཁི་ལན་བཅས་ཀྱི་མགོ་ཁྲིད་པས་ལོན་ཏོན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་དེའི་རྗེས་སུ་བཤད་རྒྱུར། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་ཡོ་རོབ་གླིང་ངེས་པར་དུ་ཝུའུ་ཁི་ལན་དང་མཉམ་དུ་ལངས་དགོས་པ་དང་། ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ཀྱི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་ད་རུང་ཨུ་རུ་སིའི་བཀག་འཇོག་ཐེབས་པའི་རྒྱུ་ནོར་བཀོལ་ནས་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་གྲུབ་འབྲས་བཟང་བོར་གྲོས་བསྡུར་བྱས།
ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མཱ་ཁི་ལུང་དང་སི་ཐཱ་མའོ་ཡིས་ད་རུང་ཚེས11ཉིན་མཉམ་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་དང་བླངས་པའི་མནའ་འབྲེལ་གྱི་དྲ་ཐོག་གི་གྲོས་ཚོགས་ཤིག་ལ་མཉམ་དུ་མགོ་འཛིན་བྱེད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།