མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས2025ལོའི་སའི་གོ་ལའི་སྲུང་སྐྱོབ་མཁན་གྱི་བྱ་དགའི་མིང་ཐོ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་ཚེས10ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས2025ལོའི་སའི་གོ་ལའི་སྲུང་སྐྱོབ་མཁན་གྱི་བྱ་དགའི་མིང་ཐོ་ཁྱབ་བསྒྲགས་བྱས། ནམ་ཟླའི་འགུལ་སྐྱོད་ཐད་འབུར་ཐོན་བྱས་རྗེས་བཞག་པའི་མི་སྒེར་དང་རྩ་འཛུགས་ལྔར་ཐེངས་འདིའི་བྱ་དགའ་ཐོབ་ཡོད།

ཐེངས་འདིའི་སའི་གོ་ལའི་སྲུང་སྐྱོབ་མཁན་གྱི་བྱ་དགའ་དེ་སྐབས་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་སྐབས་སུ་བསྒྲགས་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་མཁན་གྱིས་ནམ་ཟླའི་དྲང་བདེན་དང་ནགས་ཚལ་སྲུང་སྐྱོབ། ནམ་ཟླའི་བབ་བསྟུན་གྱི་བཟོ་བཀོད་སོགས་ཁྱབ་ཁོངས་ནས་གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་བཏོན་པར་གཟེངས་བསྟོད་བྱེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རེན་ཨན་ཏི་སུན་གྱིས་བསྟན་དོན། ད་ལོའི་བྱ་དགའ་ཐོབ་མཁན་ལ་ན་གཞོན་རྩ་འཛུགས་དང་། ས་གནས་སྲིད་གཞུང་གི་དཔོན་རིགས། བཟོ་སྐྲུན་པ། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཀྱི་ཆེད་མཁས་པ་འདུས་ཡོད་ལ། ཁོ་ཚོས་ཧུར་ཐག་སྒོས་གོ་ལ་ཧྲིལ་བོས་ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ཟེར།

བྱ་དགའ་ཐོབ་མཁན་དག་སོ་སོར་ས་ཁོངས་མི་འདྲ་བ་ནས་ཡོང་བ་རེད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་སློབ་མའི་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ལམ་ཚད་རྡོ་རིང་ལྟ་བུའི་ཐོན་སྙིང་ལྡན་པའི་བློ་འདྲིའི་བསམ་འཆར་སྤེལ་བར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་ནམ་ཟླའི་ཁྲིམས་སྐྱོང་འཕེལ་རིམ་ལ་ཤུགས་སྣོན་བྱས་པ་དང་། རྒྱ་གར་གྱི་དཔོན་རིགས་སཱ་ཧུའུ་ཡིས་ལྷད་མེད་ལས་ཞུགས་དང་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་བཏང་སྟེ། ནམ་ཟླའི་བབ་བསྟུན་འཛུགས་སྐྲུན་ཐད་བྱས་རྗེས་བཞག་ཡོད། བཟོ་སྐྲུན་པ་མཱ་ལོས་ཡཱ་མུའུ་དབྱེ་སོ་ཧྥུའུ་ཡིས་ཨ་ཧྥེ་རི་ཁ་གླིང་གི་སཱ་ཧི་ལེ་ས་ཁུལ་དུ་ནམ་ཟླའི་བབ་བསྟུན་བཟོ་བཀོད་ཇུས་འགོད་བྱས། ཡཱ་མཱ་སོན་གྱི་མི་དང་ཁོར་ཡུག་ཞིབ་འཇུག་ཁང་གིས་ཚན་རིག་དང་མི་ཐབས་རིག་ནུས་ལག་རྩལ་བེད་སྤྱད་དེ་ཡཱ་མཱ་སོན་ས་ཁུལ་གྱི་ནགས་ཚལ་བཅོས་སྐྱོང་ལ་ཤུགས་སྣོན་དང་ནགས་གཅོད་པར་བཀག་འགོག་བྱས། ཚེ་ལས་འདས་པའི་ཆེད་མཁས་པ་ཁཱ་ཨར་ཐཱ་ཅི་ལོ་ནེ་ཡིས་སྔོན་ཆད་ཚན་རིག་རྨང་གཞིར་བྱས་ཤིང་མངོན་གསལ་གྱི་ཅཱ་ཝན་ཉུང་གཏོང་གི་འགུལ་སྐྱོད་དར་སྤེལ་བཏང་བའི་དབང་གིས་གཟེངས་བསྟོད་ཐོབ་པ་རེད།

ལོ་རེར་ཐེངས་རེ་སྤེལ་བཞིན་པའི་སའི་གོ་ལའི་སྲུང་སྐྱོབ་མཁན་གྱི་བྱ་དགའ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིན་པའི་རིམ་པ་ཆེས་མཐོ་བའི་ཁོར་ཡུག་བྱ་དགའ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཁོར་ཡུག་ཐད་བཅོས་བསྒྱུར་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པའི་མི་སྒེར་དང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།