ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་གནས་བབ་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས11ཉིན་བསྟན་དོན། ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་བར་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་ཝེ་ནེ་ཙུའེ་ལཱ་དང་ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་སྤེལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧཱ་ཁི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ནམ་རྒྱུན་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་བར་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པར་དོ་སྣང་བྱེད་བཞིན་ཡོད་ཟེར། ང་ཚོས་ཕྱོགས་སོ་སོས་ཕྱོགས་གཉིས་ཀྱི་གནས་བབ་ཛ་དྲག་ཏུ་གཏོང་བའམ་ཝེ་ནེ་ཙུའེ་ལཱ་དང་ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་བྱེད་པའི་འགུལ་སྐྱོད་གང་རུང་སྤེལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

ཧཱ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རུང་ཕྱོགས་སོ་སོས་རང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས། བཅའ་ཁྲིམས་གཞན་པའི་སྒྲོམ་གཞིའི་འོག་གི་འོས་འགན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས10ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཝེ་ནེ་ཙུའེ་ལཱའི་ཉེ་འདབས་མཚོ་ཁོངས་ནས་སྣུམ་འདྲུད་གྲུ་གཟིངས་ཆེན་མོ་ཞིག་བཀག་འཇུག་བྱས་ཡོད་ཟེར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཞེ་ཨར་གྱིས་རྒྱལ་སྤྱིའི་མཚོ་ཇག་གི་བྱ་སྤྱོད་དེར་རྒོལ་གཏམ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།