ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་བདེ་འཇགས་འགན་སྲུང་གྲོས་མཐུན་ལ་གཏིང་ཟབ་ཏུ་གྲོས་བསྡུར་བྱས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས11ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་བརྙན་རིས་གྲོས་མོལ་བྱས་ཏེ། བདེ་འཇགས་འགན་སྲུང་གྲོས་མཐུན་དང་འབྲེལ་བའི་ཡིག་ཆའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་གཏིང་ཟབ་བྱས་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་བདེ་འཇགས་འགན་སྲུང་ནི་མ་འོངས་པའི་ལས་རིམ་ཚང་མར་ཤུགས་རྐྱེན་ཐེབས་པའི་གནད་འགག་གི་རྒྱུ་ཞིག་ཡིན་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་དང་ཨ་མེ་རི་ཁས་འབད་བརྩོན་བྱས་ནས་བདེ་འཇགས་འགན་སྲུང་ཐད་ནས་ཐུན་མོང་གི་ལྟ་ཚུལ་འགོད་པར་འཐད་པ་བྱུང་ཡོད་ཟེར།

ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་། རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི། སྲིད་འཛིན་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་སོགས་འདུས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལུའི་ཐི་ཡང་ཐེངས་འདིའི་བརྙན་རིས་གྲོས་མོལ་ལ་ཞུགས།

ཙེ་ལིན་སི་ཅི་ཡིས་ཉིན་དེར་ད་རུང་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ལ་ཨ་མེ་རི་ཁའི་བདེ་འཇགས་འགན་སྲུང་གི་གྲོས་མཐུན་འཆར་ཟིན་འབྱོར་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ནན་ཏན་གྱིས་ཝུའུ་ཁི་ལན་གྱི་འདོད་ཚུལ་ཁ་སྣོན་བྱེད་པ་དང་གྲོས་མཐུན་གྱི་ནང་དོན་བཟོ་བཅོས་བྱེད་པར་ཞིབ་འཇུག་བྱེད་རྒྱུ་མ་ཟད། ཉིན་འགའི་རྗེས་སུ་གསར་བསྒྱུར་བྱས་པའི་འཆར་ཟིན་དེ་ཨ་མེ་རི་ཁར་ཕྱིར་སྟེར་རྒྱུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། མིག་སྔའི་འཆར་ཟིན་དེ་ནི་རྨང་གཞིའི་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་། མ་འོངས་པར་བྱེ་བྲག་གི་ནང་དོན་མང་བོ་ཁ་གསབ་བྱེད་ངེས་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་ཕྱོགས་ལ་ཕན་ནུས་ལྡན་པའི་བདེ་འཇགས་འགན་སྲུང་མཁོ་བ་བསྐྱར་སྒྲོག་བྱས། ཁོས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁས་བདེ་འཇགས་འགན་སྲུང་གྲོས་མཐུན་ལས་བཅའ་ཁྲིམས་ཀྱི་རྣམ་པས་ཕྱོགས་གཉིས་ཀྱི་འོས་འགན་གསལ་བོ་བྱེད་དགོས་པ་ཤེས་ཡོད་ལ། གྲོས་མཐུན་དེ་མཇུག་མཐར་ཨ་མེ་རི་ཁའི་རྒྱལ་ཚོགས་ནས་གྲོས་བསྡུར་བྱས་ཏེ་གྲོས་མཐུན་འགོད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།