
རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས11ཉིན་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་པ་དང་། ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། དེ་ནི་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས4ཉིན་དང་ཚེས5ཉིན་རྒྱ་གར་དུ་འཚམས་འདྲི་བྱས་རྗེས། རྒྱ་གར་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད།
མའོ་ཏིས་ཀྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། སྲིད་འཛིན་ཐི་ལིང་ཕུའུ་བར་མཛའ་མཐུན་ལྡན་ཞིང་ཕན་འབྲས་ཡོད་པའི་གྲོས་མོལ་བྱས། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་གྲོས་བསྡུར་བྱས། རྒྱ་གར་དང་ཨ་མེ་རི་ཁས་མུ་མཐུད་དུ་མཉམ་ལས་བྱས་ཏེ། གོ་ལ་ཧྲིལ་བོའི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ད་རུང་གནད་འགག་ལག་རྩལ་དང་ནུས་ཁུངས། རྒྱལ་སྲུང་། བདེ་འཇགས། དེ་མིན་ཁྱབ་ཁོངས་གཙོ་བོ་གཞན་པའི་མཉམ་ལས་བཅས་རྒྱ་བསྐྱེད་པར་གྲོས་བསྡུར་བྱས་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཏག་ཏག་རྒྱ་གར་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་དྷི་ལེ་གསར་བ་ནས་ཉོ་ཚོང་གྲོས་མོལ་བྱེད་པའི་སྐབས་ལ་འཁེལ་ཡོད། རྒྱ་གར་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ཀི་ལི་ཨར་གྱིས་བསྟན་དོན། ཨ་མེ་རི་ཁའི་ཞིང་ཞོར་ཐོན་རྫས་ཀྱི་ཚོང་རའི་ཞུགས་ཆོག་རྒྱ་བསྐྱེད་པའི་ཐད་ནས། ཐེངས་འདིའི་གྲོས་མོལ་སྟེང་རྒྱ་གར་གྱིས་ལོ་རྒྱུས་སྟེང་ཆེས་མཐོ་བའི་རིན་གོང་བྱིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།