
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས11ཉིན་ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་གྲོས་བསྡུར་བྱས་པར་མ་ཟད། ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
ཨུ་རུ་སིའི་སྲིད་འཛིན་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས2025ལོའི་ཟླ11པར་ནུས་ལྡན་དུ་གྱུར་བའི་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་མཉམ་ལས་ཆིངས་ཡིག་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕུའུ་ཅིན་གྱིས་ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། མཱ་ཏུའུ་ལོ་སྲིད་གཞུང་གིས་ཕྱི་ཕྱོགས་གནོན་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་གནས་ཚུལ་འོག་རྒྱལ་ཁབ་ཀྱི་བདག་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།
ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱིས་ཕྱོགས་གཉིས་ཀྱིས་བསྟུད་མར་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། དངུལ་ལོར། རིག་གནས། མི་ཆོས་རིང་ལུགས། དེ་མིན་ཁྱབ་ཁོངས་གཞན་པའི་མཉམ་ལས་ལས་གཞི་དངོས་འབེབས་བྱེད་རྒྱུ་ཁས་ལེན་བྱས།
ཉེ་སྔོན། ཨ་མེ་རི་ཁས་དུག་འགོག་ལ་ཁ་གཡར་ནས་ཝེ་ནེ་ཙུའེ་ལཱ་ཉེ་འདབས་ཀྱི་ཅཱ་ལེ་པུས་མཚོ་ཁོངས་སུ་དམག་གྲུ་མང་བོ་བཀོད་སྒྲིག་བྱས་ཏེ་ཝེ་ནེ་ཙུའེ་ལཱ་ལ་གནོན་ཤུགས་བྱིན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཟླ11པའི་ཟླ་མཇུག་ཏུ་སྐམ་ས་བརྒྱུད་དེ་ཝེ་ནེ་ཙུའེ་ལཱའི་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་རྒྱུའི་འཇིགས་སྐུལ་བྱས། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ཐེངས་མང་བོར་ཨ་མེ་རི་ཁས་དམག་དོན་འཇིགས་སྐུལ་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་སྲིད་དབང་རྩ་རྫོགས་བྱེད་པ་དང་ལཱ་ཏེན་མེ་གླིང་གི་དམག་དོན་རྒྱ་བསྐྱེད་འདོད་ཡོད་པར་སྐྱོན་འཛུགས་བྱས།
ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས11ཉིན་བསྟན་དོན། ཉེ་སྔོན་ཨ་མེ་རི་ཁས་རྒྱུན་ཆད་མེད་པར་ཝེ་ནེ་ཙུའེ་ལཱར་དམག་དོན་གནོན་ཤུགས་བྱིན་པར་དམིགགས་ནས། ཨུ་རུ་སི་ཡིས་ཝེ་ནེ་ཙུའེ་ལཱའི་གནས་བབ་འཕེལ་རྒྱས་ལ་དོ་སྣང་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།