ཐུར་ཁེའི་སྲིད་འཛིན་གྱིས་ཨུ་རུ་སི་དང་ཝུའུ་ཁོ་ལན་གྱིས་ནུས་ཁུངས་དང་གྲུ་ཁའི་སྒྲིག་ཆས་ལ་དམིགས་པའི་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཐུར་ཁེའི་སྲིད་འཛིན་བཞུགས་ཤག་གི་གསར་འགྱུར་ཅུས་ཀྱིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཨུ་རུ་སི་དང་ཝུའུ་ཁོ་ལན་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་གྲུ་ཁའི་སྒྲིག་ཆས་ལ་དམིགས་པའི་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུའུ་ཁུའུ་མན་སི་ཐན་གྱི་ཨ་ཧྲི་ཧཱ་པཱ་ཏི་གྲོང་ཁྱེར་ནས་རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་གྱི་ལོ་ཚོགས་གླེང་སྟེགས་ལ་ཞུགས་སྐབས་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་བྱས། ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁོ་ལན་གྱིས་ཕན་ཚུན་གྱི་ནུས་ཁུངས་དང་གྲུ་ཁའི་སྒྲིག་ཆས་ལ་དམིགས་པའི་འཁྲུག་རྩོད་མཚམས་བཞག་ན་ཕྱོགས་གཉིས་ལ་ཕན་ཐོགས་ཡོད། ཐུར་ཁེ་ཕྱོགས་ཀྱིས་རྣམ་པ་གང་རུང་བརྒྱུད་དེ་ཨུ་རུ་སི་དང་ཝུའུ་ཁོ་ལན་གྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། ཕྱོགས་གཉིས་ཀྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་མ་དངུལ་བཀག་འཇོག་བྱས་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།