
ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་སྦྲེལ་དྲ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་མཉམ་ལས་དཔྱད་བསྡུར་གྲོས་ཚོགས་ཚེས11ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་བསྡུས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ཕྱོགས་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས། རིག་མཛོད་སོགས་ནས་ཡོང་བའི་འཐུས་མིས་ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་འཕེལ་རྒྱས་དང་གློག་དྲའི་གཅིག་འབྲེལ་གཅིག་བརྟེན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།
ཨ་ཧྥེ་རི་ཁ་གླིང་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཅང་ཧྥུང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། གོ་ལ་ཧྲིལ་བོའི་ཆེས་ཆེ་བའི་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་གོ་ལ་ཧྲིལ་བོའི་ཆེས་ཆེ་བའི་ཡང་བསྐྱར་བེད་སྤྱོད་ཆོག་པའི་ནུས་ཁུངས་མ་ལག་གྲུབ་ཡོད་ལ། གོ་ལ་ཧྲིལ་བོའི་ནུས་ཁུངས་ཚུལ་བསྒྱུར་དང་ལྷད་མེད་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོའི་འབྲེལ་ཡོད་ཀྱི་ཉམས་མྱོང་དང་ལག་རྩལ་ལས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་དཔེ་གཞི་དང་རོགས་རམ་འདོན་སྤྲོད་བྱེད་ཐུབ་ཟེར།
ཨ་ཧྥེ་རི་ཁ་གླིང་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རེན་ལཱ་ཞེ་ཏི་ཨ་པུའུ་ཏུའུ་ལཱ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ནུས་ཁུངས་ཚུལ་བསྒྱུར་གྱི་གནད་འགག་གི་སྐབས་སུ་གནས་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་ལ་ཕུན་སུམ་ཚོགས་པའི་ཡང་བསྐྱར་བེད་སྤྱོད་ཆོག་པའི་ནུས་ཁུངས་ཐོན་ཁུངས་དང་འཐུས་ཚང་མིན་པའི་ནུས་ཁུངས་དང་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་ཆས་ཡོད་ཀྱང་། ཨ་ཧྥེ་རི་ཁ་གླིང་གིས་སྔར་བཞིན་འཆར་འགོད་བཟང་བོ་བྱས་ནས་དེར་མ་དངུལ་འབོར་ཆེན་བཏང་ན། ད་གཟོད་སྦས་ཤུགས་དེ་དག་འདོན་སྤེལ་གང་ལེགས་བྱེད་ཐུབ་ཟེར།
གོ་ལ་ཧྲིལ་བོའི་ནུས་ཁུངས་སྦྲེལ་དྲའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་པའོ་སུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་བསྟུད་མར་མཉམ་ལས་བྱས་པ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོར་དག་གཙང་ནུས་ཁུངས་ཀྱི་གློག་འདོན་དང་གློག་དྲའི་འཛུགས་སྐྲུན་རྣམ་གྲངས་བརྒྱ་ཕྲག་འགའ་ལག་བསྟར་བྱས། རྣམ་གྲངས་དེ་དག་གིས་ས་དེའི་སྡེ་ཁུལ་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཡོད་ཟེར།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དཔྱད་བསྡུར་གྲོས་ཚོགས་ལ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་། གོ་ལ་ཧྲིལ་བོའི་ནུས་ཁུངས་སྦྲེལ་དྲའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས། ཨ་ཧྥེ་རི་ཁ་གླིང་ནུས་ཁུངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། དཔྱད་བསྡུར་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་འདྲིས་རོགས་ལས་ཀྱི་འབྲེལ་ཟམ་འཛུགས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།