ཏའོ་སྨི་ནི་ཁཱའི་ལས་རིགས་སོ་སོས་ཨ་མེ་རི་ཁའི་དམག་དཔུང་གཞི་རྒྱ་ཆེ་བའི་སྒོ་ན་ཅཱ་ལེ་པུས་ས་ཁུལ་དུ་བཀོད་སྒྲིག་བྱས་པར་སྐྱོན་འཛུགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཏའོ་སྨི་ནི་ཁཱའི་སྲིད་གཞུང་གིས་ཉེ་སྔོན་ཨ་མེ་རི་ཁས་གནས་སྐབས་སུ་མཁའ་དམག་རྟེན་གཞི་དང་རྒྱལ་སྤྱིའི་གནམ་གྲུ་ཐང་བེད་སྤྱོད་བྱས་ཏེ་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བར་ཆོག་མཆན་བཀོད་རྗེས། ཨ་མེ་རི་ཁའི་དམག་དཔུང་གི་སྐྱེལ་འདྲེན་གནམ་གྲུ་མང་བོ་སྔ་རྗེས་སུ་ཏའོ་སྨི་ནི་ཁཱའི་མངའ་ཁོངས་སུ་ཡོང་བར་ལས་རིགས་སོ་སོས་དོ་སྣང་བྱེད་བཞིན་ཡོད། ཏའོ་སྨི་ནི་ཁཱའི་ལས་རིགས་སོ་སོའི་མི་སྣས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་ཨ་མེ་རི་ཁས་ཉེ་སྔོན་ཅཱ་ལེ་པུས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་གི་གཞི་རྒྱ་སྔར་མེད་པ་ཞིག་ཡིན་ལ། དེ་ལས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ཟེར།

མེ་གླིང་དབུས་མའི་གྲོས་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི། ཏའོ་སྨི་ནི་ཁཱའི་མི་དམངས་སྟོབས་ཤུགསཏང་གི་རྒྱལ་སྤྱིའི་ལས་དོན་གྱི་དྲུང་ཡིག་ཕིས་ཁྲ་ཏའོ་ཡིས་བསྟན་དོན། ཉེ་སྔོན་ཨ་མེ་རི་ཁས་ཅཱ་ལེ་པུས་ས་ཁུལ་དང་དང་ཁྱད་པར་དུ་ཏའོ་སྨི་ནི་ཁཱའི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་པ་དེ་ནི་དུག་རྫས་ལ་ཆམ་ཕབ་གཏོང་བ་དང་། འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དམངས་གཙོར་ཤུགས་སྣོན་བྱེད་ཆེད་ཙམ་མ་ཡིན་པར། ཨ་མེ་རི་ཁའི་ས་ཁུལ་དང་གོ་ལ་ཧྲིལ་བོའི་ཁྱབ་ཁོངས་ནང་གི་འཐབ་ཇུས་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་ཟེར།

ཕིས་ཁྲ་ཏའོ་ཡིས་གསལ་འདེབས་བྱས་དོན། ཐེངས་འདིའི་ཨ་མེ་རི་ཁའི་དུག་འགོག་འགུལ་སྐྱོད་ཁྲོད། རྒྱལ་སྤྱིའི་བཅའ་ཁྲིམས་སྣང་མེད་དུ་བསྐྱུར་བ་དང་ཁྲིམས་འཛིན་ལས་རིམ་མ་བརྒྱུད་པར་ཐད་ཀར་དུ་དོགས་ཡོད་མི་སྣ་བསད་པའི་བྱ་སྤྱོད་ཡོད་པས། དེ་ལས་མ་འོངས་པར་ཨ་མེ་རི་ཁ་དང་ཏའོ་སྨི་ནི་ཁཱར་བཅའ་ཁྲིམས་ཀྱི་མཇུག་འབྲས་ཚབས་ཆེན་འབྱུང་དུ་འཇུག་སྲིད་ཟེར།

ཆེད་མཁས་པ་མང་བོས་གཅིག་གྱུར་སྒོས་བལྟས་ན། རྙོག་འཛིང་ཆེ་བའི་ས་ཁུལ་གྱི་ཁོར་ཡུག་མདུན་ནས། ཕྱོགས་སོ་སོས་ཅཱ་ལེ་པུས་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་ལས། ཏའོ་སྨི་ནི་ཁཱ་རང་སྟེང་གི་ཁེ་ཕན་ལ་འབྲེལ་བ་མེད་པའི་འགོག་རྒོལ་ནང་ཞུགས་སུ་འཇུག་མི་རུང་བར་འདོད།

ཉེ་སྔོན། ཏའོ་སྨི་ནི་ཁཱའི་མང་ཚོགས་ཀྱིས་རྒྱལ་ས་ཧྲིན་ཏའོ་མེན་ཀིའི་རང་བཙན་སྤྱི་གླིང་ནས་ངོ་རྒོལ་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁའི་དམག་དཔུང་ཅཱ་ལེ་པུས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས། འདུ་ཚོགས་ལ་ཞུགས་མཁན་གྱིས་བལྟས་ན། ཨ་མེ་རི་ཁའི་དམག་དཔུང་ས་དེའི་གནམ་གྲུ་ཐང་ནས་མངོན་པ་ལས་ཏའོ་སྨི་ནི་ཁཱ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཁྲོད་ཞུགས་སུ་འཇུག་སྲིད་ལ། ལཱ་ཏེན་མེ་གླིང་གི་ཞི་བདེ་ལ་གཏོར་བརླག་གཏོང་སྲིད་པར་འདོད་པས། ས་ཁུལ་ཧྲིལ་བོས་འབྲེལ་ཡོད་ཀྱི་མི་མངོན་པའི་ཉེན་ཁར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།