ཁམ་ཕུ་ཀྲེ་ཡིས་ཐེ་གོ་མྱུར་དུ་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཁམ་ཕུ་ཀྲེའི་གསར་འགྱུར་པུའུ་ཡི་བློན་ཆེན་ནཱ་ཕཱ་ཏི་ལཱ་ཡིས་ཚེས13ཉིན་བསྟན་དོན། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་དང་དེའི་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ནཱ་ཕཱ་ཏི་ལཱ་ཡིས་བཤད་རྒྱུར། ཐེ་གོའི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་འཐབ་འཛིང་གནམ་གྲུ་གཉིས་མངག་ནས་འགས་གཏོར་བཏང་བ་དང་། ཕུའུ་སཱ་ཞིང་ཆེན་གྱི་མཐའ་མཚམས་ས་ཁུལ་གྱི་མགྲོན་ཁང་ཞིག་དང་ཟམ་པ་གཉིས་ལ་གཏོར་བཤིག་བཏང་ཟེར། ཁོས་བཤད་རྒྱུར། ཐེ་གོའི་དམག་དཔུང་གིས་འཇབ་རྒོལ་གྱི་ཁྱབ་ཁོངས་དེ་ཁམ་ཕུ་ཀྲེའི་མི་སེར་དཀྱུས་མ་དང་སྡོད་དམངས་ཀྱི་གྲོང་སྡེའི་བར་རྒྱ་བསྐྱེད་ཡོད་པར་མ་ཟད། དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བྱས་ཟེར།

ནཱ་ཕཱ་ཏི་ལཱ་ཡིས་བསྟན་དོན། ཐེ་གོ་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་ཁམ་ཕུ་ཀྲེའི་བདག་དབང་ལ་གནོད་སྐྱེལ་བ་དང་། ཁམ་ཕུ་ཀྲེ་ཡི་མངའ་ཁོངས་སུ་སྤེལ་བཞིན་པའི་དམག་དོན་འགུལ་སྐྱོད་ལས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བཏང་ཡོད། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་བྱེད་ཐབས་འོས་འཚམ་སྤྱད་དེ་རང་གི་མངའ་ཁོངས་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་བཞིན་ཡོད་ལ། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་སྔར་བཞིན་འབད་འབུངས་ཆེན་པོས་ཞི་བདེ་དང་གྲོས་མོལ། རྒྱལ་སྤྱིའི་བཅའ་ཁྲིམས་བཅས་ལ་བརྩི་མཐོང་བྱེད་བཞིན་ཡོད་ཟེར།

ནཱ་ཕཱ་ཏི་ལཱ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཟླ12པའི་ཚེས12ཉིན་བར། འཁྲུག་རྩོད་དེ་ལས་ཁམ་ཕུ་ཀྲེ་ཕྱོགས་ཀྱི་མི་སེར་དཀྱུས་མ11རྐྱེན་ལམ་དུ་ཤོར་བ་དང་། མི59ལ་རྨས་ཕོག མཐའ་མཚམས་ཞིང་ཆེན་ལྔར་བསྡོམས་པས་ཁྱིམ་ཚང་ཁྲི་དགུ་ཙམ་དང་མི་འབུམ་གསུམ་ཙམ་ཡུལ་འཁྱམས་བྱེད་དགོས་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།