མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་འགུལ་སྐྱོད་མཇུག་སྒྲིལ་ནས་མཉམ་ལས་ཀྱི་ལེའུ་གསར་བའི་མགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས13ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་དབང་བསྩོལ་མཇུག་སྒྲིལ་བ་དེས་དབྱི་རག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོགས་པོའི་འབྲེལ་བ་མཚམས་བཞག་པའི་དོན་མ་ཡིན་པར། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་དང་དཔལ་འབྱོར་འཕར་སྣོན། བློ་འདྲིའི་རྒྱབ་སྐྱོར་སོགས་ཁྱབ་ཁོངས་ནས་མཉམ་ལས་ཀྱི་ལེའུ་གསར་བ་མགོ་བརྩམས་པ་མཚོན་ཡོད་ཟེར།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་ཡིས་རྒྱལ་ས་པཱ་ཀི་ཏཱ་ནས་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཐུག་འཕྲད་བྱས། ཀུའུ་ཐི་ལོས་སི་ཉིན་དེར་པཱ་ཀ་ཏཱ་རུ་འབྱོར་ནས། སུའུ་ཏཱ་ནེ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་དབང་སྩོལ་མཇུག་སྒྲིལ་བའི་དཔོན་ཕྱོགས་ཀྱི་མཛད་སྒོར་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་ལོ་ངོ20ལྷག་གི་འགན་ཡུན་དེ་ཟླ་འདིའི་ཚེས31ཉིན་མཇུག་སྒྲིལ་བ་ཁས་ལེན་བྱས།

སུའུ་ཏཱ་ནེ་ཡིས་ཀུའུ་ཐི་ལོས་སི་དང་མཉམ་དུ་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། དབྱི་རག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་འབྲེལ་བ་དེ་ཉམས་ཉེན་ཐག་གཅོད་ནས་ཡུན་རིང་འཕེལ་རྒྱས་ཀྱི་འཆར་འགོད་དུ་བསྒྱུར་ཡོད་ལ། དབྱི་རག་རང་སྟེང་གི་ནུས་པར་བརྟེན་དགོས་པར་དོ་སྣང་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། དབྱི་རག་སྲིད་གཞུང་གིས་པཱ་ཀཱ་ཏཱའི་གྲོང་ཁྱེར་ལྟེ་གནས་ཀྱི་སྲང་ལམ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་སྲང་ལམ་ཞེས་མིང་འདོགས་རྒྱུ་ཐག་བཅད་དེ། མཉམ་འབྲེལ་རྒྱལ་ཚོགས་ལ་རྗེས་དྲན་རྡོ་རིང་ཞིག་བསླངས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་འགུལ་སྐྱོད་མཇུག་སྒྲིལ་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས་མངབོ་སྔར་བཞིན་དབྱི་རག་ཏུ་བསྡད་ཡོད་པ་དང་། མུ་མཐུད་དུ་དབྱི་རག་དང་དབྱི་རག་མང་ཚོགས་ལ་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།