ཨ་མེ་རི་ཁ་དང་ཨུ་རུ་སི་དཀར་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨུ་རུ་སི་དཀར་པོའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་གྱི་ཨུ་རུ་སི་དཀར་པོའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁི་ཨར་གྱིས་ཉིན་དེར་ཨུ་རུ་སི་དཀར་པོའི་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་དང་གྲོས་མོལ་བྱས་རྗེས་གསར་འགོད་པར་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇི་ལྟར་རྒྱུན་ལྡན་ཅན་དུ་འགྱུར་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

ཁི་ཨར་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བཟང་བོ་བྱས་པ་དང་ཕན་འབྲས་བཟང་བོ་ཐོབ་ཡོད་ཟེར། ཁོས་བསྟན་དོན། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁོ་ལན་གྱི་འཁྲུག་རྩོད་དང་ཝེ་ནེ་ཙུའེ་ལཱ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཇི་ལྟར་ཨ་མེ་རི་ཁ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་ཞི་འཇགས་སུ་གཏོང་བ་གླེང་སྐབས། མཇུག་མཐར་རྒྱུན་ལྡན་ཅན་གྱི་འབྲེལ་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ཁི་ཨར་གྱིས་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་བསྟན་པ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སི་དཀར་པོའི་ཅཱ་ལུད་ཀྱི་བཀག་སྡོམ་མེད་པར་གཏོང་དགོས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་དང་བསྟུན་ནས། སྔར་ལས་མང་བའི་བཀག་སྡོམ་མེད་པར་བཏང་སྟེ། མ་འོངས་པར་ཨུ་རུ་སི་དཀར་པོའི་བཀག་སྡོམ་ཚང་མ་མེད་པར་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར།

ཨུ་རུ་སི་དཀར་པོའི་སྲིད་འཛིན་གསར་འགྱུར་ཅུའུ་ཡིས་དེའི་རྗེས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སི་དཀར་པོའི་ཅཱ་ལུད་ཁྱབ་ཁོངས་ཀྱི་བཀག་སྡོམ་མེད་པར་བཏང་བའི་དབང་གིས་ཐི་ལིང་ཕུའུ་ཡི་རེ་བ་དང་གྲོས་མཐུན་གྱི་ཁག་ཅིག་ཡིན་པའི་ཆ་ནས། ལུའུ་ཁཱ་ཧྲིན་ཁི་ཡིས་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་ཨུ་རུ་སི་དཀར་པོར་གནོད་པའི་གསང་མྱུལ་བ་དང་འཇིགས་སྐུལ་རིང་ལུགས་སམ་ཐལ་སྤྱོད་རིང་ལུགས་ཀྱི་ཉེས་པ་བསགས་པའི་བཀག་འཇུག་མི་སྣ123སྲོག་ཐར་ལ་གཏོང་རྒྱུ་ཐག་བཅད་པ་རེད།

གཞན་ཡང་ཨུ་རུ་སི་དཀར་པོའི་སྲིད་འཛིན་དྲ་ཚིག་ཀྱིས་བསྒྲགས་པ་ལྟར་ན། ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས12ཉིན་ནས་ཚེས13ཉིན་བར་ཁི་ཨར་ནས་གསང་བའི་གྲོས་མོལ་སྤེལ་བ་རེད། ལུའུ་ཁཱ་ཧྲིན་ཁི་ཡིས་གྲོས་མོལ་མགོ་རྩོམ་སྐབས་བཤད་རྒྱུར། ཁོས་ཐི་ལིང་ཕུའུ་ཡི་ཉེ་སྔོན་གྱི་བྱ་སྤྱོད་ལ་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།