ཐུར་ཁེའི་སྲིད་འཛིན་གྱིས་མཚོ་ནག་དེ་ཨུ་རུ་སི་དང་ཝུའུ་ཁོ་ལན་བར་གྱི་འཁྲུག་རྩོད་ས་ཁུལ་དུ་འགྱུར་མི་རུང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཚེས13ཉིན་བཤད་རྒྱུར། མཚོ་ནག་དེ་ཨུ་རུ་སི་དང་ཝུའུ་ཁོ་ལན་བར་གྱི་འཁྲུག་རྩོད་ས་ཁུལ་དུ་འགྱུར་མི་རུང་ཟེར།

ཐཱ་ཁུའུ་མན་སི་ཐན་གྱི་ཨ་ཧྲི་ཧཱ་པཱ་ཏི་རུ་རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་གྱི་ལོའི་གླེང་སྟེགས་ལ་ཞུགས་རྗེས། ཨེ་ཨར་ཏའོ་ཨན་ཕྱིར་ཐུར་ཁེ་རུ་ལོག་པའི་ཆེད་བཏང་གནམ་གྲུའི་སྟེང་སྨྱན་བྱད་གསར་འགོད་པར་བཤད་རྒྱུར། མཚོ་ནག་དེ་འཁྲུག་རྩོད་ས་ཁུལ་དུ་བྱེད་མི་རུང་། དེ་ལྟར་བྱས་ན་ཨུ་རུ་སི་དང་ཝུའུ་ཁོ་ལན་ལ་ཕན་ཐོགས་ཅི་ཡང་མེད་ལ། མཚོ་ནག་ཏུ་བདེ་འཇགས་ཀྱི་འགྲུལ་བཞུད་ཁོར་ཡུག་དགོས་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཚེས12ཉིན་རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་གྱི་ལོའི་གླེང་སྟེགས་ལ་ཞུགས་སྐབས་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་གྲོས་མོལ་བྱས། ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱེད་སྐབས་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ནུས་ཁུངས་དང་གྲུ་ཁའི་སྒྲིག་ཆས་ལ་དམིགས་པའི་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན་པ་དང་། བྱ་སྤྱོད་དེ་ཨུ་རུ་སི་དང་ཝུའུ་ཁོ་ལན་ཕྱོགས་གཉིས་ལ་ཕན་ཐོགས་ཡོད་ཟེར།

ཐུར་ཁེའི་གྲུ་གཟིངས་ཤིག་ལ་ཚེས12ཉིན་གྱི་ཕྱི་དྲོར་ཝུའུ་ཁོ་ལན་གྱི་ཨོ་ཏི་སཱ་གྲུ་ཁ་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་འཕུར་མདའི་འཇབ་རྒོལ་ཐེབས། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་དེ་བདེན་དཔང་བྱས་པར་མ་ཟད། ཨུ་རུ་སི་དང་ཝུའུ་ཁོ་ལན་ཕྱོགས་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། གྲོས་མཐུན་ཅིག་བཀོད་ནས་མཚོ་ནག་གི་གནས་བབ་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པ་བསྐྱར་སྒྲོགབྱས་པར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མཚོ་ནག་གི་འགྲུལ་བཞུད་བདེ་འཇགས་འགན་སྲུང་དང་ནུས་ཁུངས་དང་གྲུ་ཁའི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་ཐད་ནས་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།