ཨུ་རུ་སིའི་དམག་དཔུང་གིས་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་ཏེ་ཝུའུ་ཁོ་ལན་རྒྱལ་ཡོངས་སུ་ཁྱབ་ཁོངས་ཆེན་པོར་གློག་ཆད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས12ཉིན་གྱི་ནམ་གུང་ན་ཚེས13ཉིན་གྱི་ཞོགས་པའི་བར་ཝུའུ་ཁོ་ལན་ལ་ཆམ་ཕབ་དྲག་པོ་བཏང་སྟེ། ཝུའུ་ཁོ་ལན་གྱི་དམག་དོན་བཟོ་ལས་ཁེ་ལས་མང་བོར་གཏོར་བཤིག་བཏང་། ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་ཝུའུ་ཁོ་ལན་གྱི་ས་ཁོངས་ཆེན་མོར་གློག་ཆད་ཟེར།

ཨུ་རུ་སིའི་རྒྱལ་སྲང་པུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་སྐམ་སའི་རྟེན་གཞི་དང་མཚོ་ཐོག་རྟེན་གཞིའི་གནད་འཁེལ་དྲག་ཆས་དང་གློ་གྲི་ཞེས་པའི་སྒྲ་བརྒལ་འཕུར་མདའ། རྒྱང་བསྟེན་མི་མེད་གནམ་གྲུ་བཅས་བེད་སྤྱད་དེ། ཝུའུ་ཁོ་ལན་གྱི་དམག་དོན་བཟོ་ལས་ཁེ་ལས་དང་དེའི་ཆ་ཚང་ནུས་ཁུངས་སྒྲིག་ཆས་ལ་འཇབ་རྒོལ་བྱས། ཆམ་ཕབ་གཏོང་བའི་དམིགས་ཡུལ་འགྲུབ་ཡོད་པ་དང་། སྔོན་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ཚང་མའི་གནད་ལ་ཕོག་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ཚེས13ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཚེས12ཉིན་གྱི་དགོང་མ་ནས་ཚེས13ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་མི་མེད་གནམ་གྲུ450དང་འཕུར་མདའ30བཀོལ་ནས་ཡང་བསྐྱར་ཝུའུ་ཁོ་ལན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དམིགས་འབེན་གཙོ་བོནི་ནུས་ཁུངས་སྒྲིག་ཆས་རེད། བར་སྣང་འཇབ་རྒོལ་ལས་མི2ལ་རྨས་ཕོག་པ་དང་དམངས་བཀོལ་སྒྲིག་ཆས་བཅུ་ཕྲག་འགའ་ལ་གཏོར་བརླག་ཐེབས་ཡོད་ལ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཆེན་པོར་གློག་ཆད་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་ལས་ཅི་ལོ་བོ་ཀི་ལེ་མངའ་སྡེ་དང་ཧཱ་ཨར་ཁི་ཧྥུའུ་མངའ་སྡེ། ཨོ་ཏི་སཱ་མངའ་སྡེ། སུའུ་མཱེ་མངའ་སྡེ། ནེ་ཀུའུ་ལཱ་ཡེ་ཧྥུའུ་མངའ་སྡེ། ཧི་ཨར་སུང་མངའ་སྡེ། ཆེ་ཨར་ནེ་ཀི་ཧྥུའུ་མངའ་སྡེ་བཅས་སུ་ཁྱིམ་ཚང་མང་བོར་གློག་ཆད་པ་དང་། ཏིས་ཧྲི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ་དང་ཆེ་ཨར་ཁཱ་སི་མངའ་སྡེ་ལའང་འཇབ་རྒོལ་ཐེབས་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་འཁྲུག་རྩོད་མཇུག་སྒྲིལ་བར་དམིགས་པའི་བྱ་སྤྱོད་ཅིག་མ་ཡིན་པར་མུ་མཐུད་དུ་ཝུའུ་ཁོ་ལན་རྨེག་མེད་དུ་གཏོང་ཆེད་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།