སྐབས་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་གྲོལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

སྐབས་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཚེས12ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་སྤྱི་ཁྱབ་པུའུ་ནས་གྲོལ། ཚོགས་ཞུགས་འཐུས་མིས་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། བབ་བསྟུན་རང་བཞིན་ལྡན་པའི་སའི་གོ་ལ་འཛུགས་པར་དོན་དངོས་ཀྱི་ཇུས་གཞི་འདོན་སྤྲོད་བྱས།

སྐབས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་མུའུ་ལི་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཚོགས་ཆེན་ནས་པུའུ་ཀྲང་བསྒྲགས་གཏམ་ཞིག་ལ་གྲོས་འཆམ་བྱུང་། དམིགས་ཡུལ་ནི་རྒྱུན་མཐུད་ཐག་གཅོད་ཇུས་གཞིར་སྐུལ་འདེད་བཏང་སྟེ། སྟོབས་དང་ལྡན་ཞིང་བབ་བསྟུན་རང་བཞིན་ལྡན་པའི་སའི་གོ་ལ་འཛུགས་སྐྲུན་བྱེད་ཆེད་རེད། བབ་བསྟུན་རང་བཞིན་ནི་ལག་རྩལ་གྱི་གདམ་གསེས་མ་ཡིན་པར། རྒྱལ་ཁབ་ཀྱིས་ཚན་རིག་དང་འདྲ་མཉམ། ཐུན་མོང་འགན་འཁྲི་བཅས་ལ་རྒྱབ་སྐྱོར་བྱེད་སྐབས་བཏོན་པའི་ཆབ་སྲིད་དང་མི་ཆོས་ཀྱི་ཆོད་དོན་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རེན་ཨན་ཏི་སུན་གྱིས་བསྟན་དོན། པུའུ་ཀྲང་བསྒྲགས་གཏམ་ལས་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགུལ་སྐྱོད་སྤེལ་ནས་རྒྱུན་མཐུད་ཐག་གཅོད་ཇུས་གཞིར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་གྲོས་ཆོད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པར་མ་ཟད། བྱ་བ་སྣ་ཚོགས་ཀྱི་ཁྲོད་དུ་འདྲ་མཉམ་དང་དཀྱེལ་ཡངས་ཀྱི་ཟབ་ཞུགས་ལ་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན་ཡོད། ཚོགས་ཆེན་ནས་ད་རུང2026ལོ་ནས2029ལོའི་བར་གྱི་དུས་ཡུན་འབྲིང་གི་འཐབ་ཇུས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ནམ་ཟླའི་འགུལ་སྐྱོད་དང་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ། ས་ཞིང་དང་བྱེ་འགྱུར་བཅོས་སྐྱོང་། སྦགས་བཙོག་དང་མཁོ་མེད་དངོས་པོའི་དོ་དམ་སོགས་གནད་འགག་གི་ཁྱབ་ཁོངས་ལ་ཁེབས་ཡོད་ཟེར།

ཨན་ཏི་སུན་གྱིས་བཤད་རྒྱུར། ཚོགས་ཆེན་མགོ་བརྩམས་མ་ཐག་འགལ་་ཡོད་ཀྱང་། ཕྱོགས་སོ་སོས་ཕུལ་དུ་བྱུང་བའི་ཕྱོགས་མང་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་བྱས། ཁོངས་གཏོགས་རྒྱལ་ཁབ་དག་གིས་ཕྱོགས་མང་ཁོར་ཡུག་གྲོས་ཆོད་ཀྱི་འོས་འགན་དངོས་འབེབས་བྱེད་རྒྱུ་ཁས་ལེན་བྱས་ཏེ། འདྲ་མཉམ་དང་དཀྱེལ་ཡངས་ཀྱི་གོ་ལ་ཧྲིལ་བོའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་བཙུགས་པའི་ཐེབས་རྩར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་སོ་སོའི་ཁོར་ཡུག་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་དགོས་ཟེར།

སྐབས་འདིའི་ཁོར་ཡུག་ཚོགས་ཆེན་ནི་ཚེས8ཉིན་ནས་ཚེས12ཉིན་བར་སྤེལ་བ་དང་། གོ་ལ་ཧྲིལ་བོའི་འཐུས་མི་སྟོང་དྲུག་ཙམ་གྱིས་ཕྱོགས་མང་མཉམ་ལས་འོག་གི་གོ་ལ་ཧྲིལ་བོའི་ཁོར་ཡུག་བཅོས་སྐྱོང་དང་རྒྱུན་མཐུད་འགུལ་སྐྱོད་ལ་གྲོས་བསྡུར་བྱས། ཚོགས་ཆེན་གྱི་བརྗོད་སྙིང་ནི་བབ་བསྟུན་རང་བཞིན་གྱི་སའི་གོ་ལའི་རྒྱུན་མཐུད་ཐག་གཅོད་ཇུས་གཞིར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ནི་གོ་ལ་ཧྲིལ་བོའི་ཁོར་ཡུག་གནད་དོན་གྱི་ཆེས་མཐོའི་ཇུས་འདོན་རྐྱེན་སྲོལ་ཡིན་པ་དང་། ལོ་གཉིས་ནང་ཐེངས་རེ་སྤེལ་བཞིན་ཡོད་ལ། གོ་ལ་ཧྲིལ་བོའི་ཁོར་ཡུག་གྲོས་རིམ་གཏན་འབེབས་དང་ཆེ་མཐོང་སྲིད་ཇུས་འདོན་སྤྲོད་བྱས་ཏེ་ཁྲིད་སྟོན་བྱེད་པའི་འགན་ཁུར་བར་མ་ཟད། གསར་དར་ཁོར་ཡུག་གི་འགྲན་རྩོད་ཐག་གཅོད་བྱེད་པའི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།