
ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ནེ་སི་ཡིས་ཚེས14ཉིན་བཤད་རྒྱུར། ཉིན་དེར་ཞི་ནེ་པང་ཏིས་ཐན་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་ནི་ཨོ་སི་ཁྲུ་ལི་ཡཱའི་ཡིའུ་ཐེ་བར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་ཅིག་རེད་ཟེར།
ཨར་པཱ་ནེ་སི་ཡིས་ཉིན་དེར་རྒྱལ་ས་ཁན་ཕའེ་ལཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། པང་ཏིས་ཐན་གྱི་ཡིའུ་ཐེ་བའི་མཚོ་འགྲམ་འོད་སྣང་དུས་ཆེན་གྱི་དགའ་སྟོན་བྱ་འགུལ་ཁྲོད་འཇིགས་སྐུལ་འཇབ་རྒོལ་དེ་འདྲ་བྱུང་བ་དང་། དེ་ནི་ཨོ་སི་ཁྲུ་ལི་ཡཱའི་ཡིའུ་ཐེ་བར་དམིགས་པའི་འཇབ་རྒོལ་ཅིག་ཡིན་ལ། ང་ཚོ་རྒྱལ་ཁབ་ཀྱི་སེམས་ལ་ན་ཟུག་ཆེན་པོ་བཟོས་ཡོད་ཟེར།
ཨོ་སི་ཁྲུ་ལི་ཡཱའི་ཞི་ནེ་པང་ཏིས་ཐན་དུ་ཚེས14ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ནེ་སི་ཡིས་དྲ་ཚིགས་བརྒྱུད་ནས་བསྟན་དོན། དོན་རྐྱེན་དེ་ནི་ཧ་ལས་ཤིང་ཡིད་སྐྱོ་བ་ཞིག་རེད། ཉེན་རྟོག་ཕྱོགས་དང་འཕྲལ་བསྟུན་མི་སྣས་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། ང་ཚོའི་སེམས་པ་གནོད་པ་ཐེབས་པའི་མི་རྣམས་དང་མཉམ་དུ་གནས་ཡོད་ཟེར།
ཨར་པཱ་ནེ་སི་ཡིས་གསལ་སྒྲོག་ནང་ད་རུང་བཤད་རྒྱུར། ཁོས་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེན་རྟོག་ཅུས་ཀྲང་དང་དོན་རྐྱེན་བྱུང་སའི་ཝེ་ཨར་ཧྲི་ལྷོ་མ་མངའ་སྡེའི་འགོ་ཁྲིད་དང་འབྲེལ་འདྲིས་བྱས་ཡོད་ལ། གནས་ཚུལ་གསལ་བོར་ཤེས་རྗེས་གནས་ཚུལ་གསར་བསྒྱུར་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་དོན་རྐྱེན་བྱུང་སའི་མང་ཚོགས་དག་གིས་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་གསལ་འདེབས་ལ་ཉན་དགོས་པའི་འབོད་སྐུལ་བཏང་།
ཞི་ནེ་ཡི་མཚོན་རྟགས་རང་བཞིན་ལྡན་པའི་མཛེས་ལྗོངས་པང་ཏིས་ཐན་ནས་ཚེས14ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།