
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ས་དེའི་ཚེས14ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཀྲིན་ཀྲུའུ་ཏང་གི་ཁོངས་མི3བསད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པ་ནས་བཟུང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོ་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ། ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ3བསད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མི་སྣ་དེ་དག་ཀྲིན་ཀྲུའུ་ཏང་གི་དམག་དོན་གྱི་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་བྱེད་པའི་བྱ་འགུལ་ནང་ཞུགས་ཡོད་པ་དང་། དེའི་བྱ་སྤྱོད་དབྱི་སི་རལ་དང་ལེ་པཱ་ནུན་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་གྲོས་མཐུན་དང་འགལ་ཡོད་ཟེར།
གཞན་ཡང་ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས14ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་ཐེངས་མང་སྤེལ་ཏེ། ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། མི1ལ་རྨས་ཕོག་ཡོད་ཟེར།
ལེ་པཱ་ནུན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེ་ལས་འདས་པའི་མི་གསུམ་པོ་ཀྲིན་ཀྲུའུ་ཏང་གི་ཁོངས་མི་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།