
དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས14ཉིན་རྒྱལ་ཁབ་དེས་ཟླ11པར་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཆེས་མཇུག་མཐའི་མཇུག་འབྲས་ལ་ཆོག་མཆན་བཀོད།
དབྱི་རག་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཉིན་དེར་གསང་བའི་གྲོས་ཚོགས་བསྡུས་ཏེ། སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི2025ལོའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལ་གྲོས་ཞིབ་བྱས། གྲོས་ཞིབ་བྱས་པ་བརྒྱུད། རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྐབས་འདིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ལས་རིམ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རེ་བར་འཚམ་ལ། དེའི་བྱེད་ནུས་ལ་གནོད་པ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་མེད་པས། ཁྲིམས་ལྟར་སྐབས་འདིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལ་ཆོག་མཆན་བཀོད་པ་ཡིན་ཟེར།
དབྱི་རག་གི་རྩ་ཁྲིམས་ལས། གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལ་ཆོག་མཆན་ཐོབ་རྗེས། སྐབས་གསར་བའི་གྲོས་ཁང་དེས་ངེས་པར་དུ་ཉིན15ནང་གྲོས་ཚོགས་ཐོག་མ་སྤེལ་ནས། གྲོས་དཔོན་དང་གྲོས་དཔོན་གཞོན་པ་གཉིས་འདེམ་བསྐོ་བྱེད་དགོས་པ་དང་། གྲོས་ཁང་གིས་གྲོས་ཚོགས་ཐོག་མ་བསྡུས་རྗེས་ཀྱི་ཉིན30ནང་སྲིད་འཛིན་གསར་བ་འདེམ་བསྐོ་བྱེད་དགོས་ལ། སྲིད་འཛིན་གསར་བས་གྲོས་ཁང་གི་ཆེས་མཐོའི་ཏང་ཁག་གིས་བཏོན་པའི་འདེམ་མི་ཙུང་ལི་གསར་བར་བསྐོ་འཇོག་བྱེད་དགོས་པར་མ་ཟད། ཉིན30ནང་ནེ་ཀིའི་འདེམ་མིའི་མིང་འདོན་བྱེད་དགོས་པར་གཏན་འཁེལ་བྱས་ཡོད།
འདི་ནི2003ལོར་དབྱི་རག་གི་འཐབ་འཁྲུག་བྱུང་བའི་རྗེས་སུ། དབྱི་རག་གིས་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་ཐེངས་དྲུག་པ་ཡིན་ལ། འདེམ་ཤོག་འཕེན་པར་ཞུགས་པའི་འདེམ་དམངས་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ལས་བརྒལ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།