
ཝུའུ་ཁོ་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་དེ་ཝུའུ་ཁོ་ལན་ལ་མཚོན་ན་ངེས་པ་དོན་གྱི་འགན་སྲུང་ཡིན་ཡང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གྲོགས་པོ་སྐོར་ཞིག་གིས་དོན་དེར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བཟུང་ཡོད། ཝུའུ་ཁོ་ལན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་འདོན་སྤྲོད་བྱས་པའི་བྱང་ཆིངས་ཀྱི་དོན་ཚན་ལྔ་བའི་ཐུན་མོང་འགོག་སྲུང་དང་མཚུངས་པའི་བདེ་འཇགས་འགན་སྲུང་དང་ལེན་བྱེད་འདོད་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁོ་ལན་གྱི་རེ་འདུན་ནི་ཐོག་མར་བྱང་ཆིངས་རྩ་འཛུགས་ནང་ཞུགས་རྒྱུ་དེ་ཡིན་པ་དང་། དེ་ལྟར་བྱས་ན་ད་གཟོད་ངེས་པ་དོན་གྱི་བདེ་འཇགས་འགན་སྲུང་ཐོབ་སྲིད། ཡིན་ཡང་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་གྲོགས་པོ་སྐོར་ཞིག་གིས་དོན་དེར་རྒྱབ་སྐྱོར་བྱེད་ཀྱིན་མེད་ཟེར།
ཁོས་བསྟན་དོན། ཝུའུ་ཁོ་ལན་དང་ཨ་མེ་རི་ཁ། ཡོ་རོབ་གླིང་གི་རྒྱལ་ཁབ། དེ་མིན་ཁཱ་ནཱ་ཏཱ་སོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་དོན་ཚན་ལྔ་བའི་ཐུན་མོང་འགོག་སྲུང་དང་མཚུངས་པའི་བདེ་འཇགས་འགན་སྲུང་བཏོན་ནས། ཨུ་རུ་སི་ཡིས་ཡང་བསྐྱར་དཔུང་འཇུག་བྱེད་པར་བཀག་འགོག་བྱས་ཡོད། དེ་ནི་ཝུའུ་ཁོ་ལན་གྱིས་ཅི་ནུས་ཀྱིས་མཐུན་སྦྱོར་བྱས་པ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁོ་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཁོངས་མི། ཝུའུ་ཁོ་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཀི་ནཱ་ཐའོ་ཧྥུའུ་ཡིས་ཨ་མེ་རི་ཁའི་དམག་ཕྱོགས་དང་མཉམ་དུ་བདེ་འཇགས་འགན་སྲུང་གི་བྱེ་བྲག་ནང་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། མི་འགྱངས་པར་འབྲེལ་ཡོད་ཀྱི་བྱེ་བྲག་གི་ནང་དོན་གསལ་བསྒྲགས་བྱེད་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཚེས14ཉིན་པའོ་ལིན་དུ་འབྱོར་ནས། འཇར་མན་གྱི་ཙུང་ལི་མའོ་ཚི་སོགས་ཡོ་རོབ་གླིང་གི་འགོ་ཁྲིད་པར་གྲོས་མོལ་བྱེད་པའི་འཆར་གཞི་ཡོད། དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་གྱིས་ཉིན་དེར་བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་ཡིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་བ་བསྐྱུར་ནས། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་བདེ་འཇགས་འགན་སྲུང་དང་ལེན་བྱེད་རྩིས་ཡོད་ཟེར། འཇར་མན་གྱི་པར་རིས་ཚགས་པར་གྱིས་བཤད་རྒྱུར། ཙེ་ལིན་སི་ཅི་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་གྲོས་མོལ་འཐུས་མིས་ཀྱང་པའོ་ལིན་ནས་གྲོས་མོལ་བྱེད་ངེས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།