ཨ་ཧྥེ་རི་ཁ་ལྷོ་མས་ཨ་མེ་རི་ཁས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བྱ་འགུལ་ལས་ཕྱིར་ཕུད་པའི་ཐད་ནས་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་འབྲེལ་འདྲིས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཀྲང་ལཱ་མའོ་ལཱ་ཡིས་ཚེས13ཉིན་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འབྲེལ་ཡོད་བྱ་འགུལ་ལས་ཕྱིར་ཕུད་པའི་བྱ་སྤྱོད་ལ་དམིགས་ནས། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་ཕྱི་འབྲེལ་ལས་ཁུངས་བར་འབྲེལ་འདྲིས་བྱས་ཡོད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མས་ཨ་མེ་རི་ཁའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ངོ་རྒོལ་བྱེད་པའི་འབོད་སྐུལ་གཏོང་མི་སྲིད་ཟེར།

ལཱ་མའོ་ལཱ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱི་དངོས་གཞིའི་གདན་ཞུ་མ་འབྱོར་ན། ཨ་ཧྥེ་རི་ཁ་ལྷོ་མ་སང་ལོར་ཨ་མེ་རི་ཁའི་མེད་ཨ་མུས་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་མི་སྲིད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འབྲེལ་ཡོད་བྱ་འགུལ་ལས་ཕྱིར་ཕུད་ཀྱང་། ཨ་ཧྥེ་རི་ཁ་ལྷོ་མས་སང་ལོའི་མཐོ་རིམ་གྲོས་ཚོགས་ལ་ངོ་རྒོལ་བྱེད་མི་སྲིད་ཟེར།

ལཱ་མའོ་ལཱ་ཡིས་བཤད་རྒྱུར། ད་ལོའི་ཚུན་ལ། ཨ་མེ་རི་ཁས་ཉོ་ཚོང་སོགས་གནད་དོན་ཐད་ནས་ཕྱོགས་གཅིག་རིང་ལུགས་ཀྱི་བྱེད་ཐབས་སྤྱད་པར་མ་ཟད་རྐྱེན་སྲོལ་མང་བོ་ལས་ཕྱིར་བུད། གལ་ཏེ་ང་ཚོས་ངོ་རྒོལ་བྱས་ན། ཨ་མེ་རི་ཁར་རང་མགོ་རང་རྒྱལ་བྱེད་པའི་གོ་སྐབས་བསྐྲུན་པ་ཡིན་པས། ངེས་པར་དུ་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་དགོས་ཟེར།

ལཱ་མའོ་ལཱ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་གཅིག་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འབྲེལ་ཡོད་བཀོད་སྒྲིག་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཁོར་སྐྱོད་རྣམ་པ་ལས་རིང་དུ་གྱེས་པར་མཚམས་བཞག་ན། ཨ་ཧྥེ་རི་ཁ་ལྷོ་མ་སྔར་བཞིན་རྐྱེན་སྲོལ་དེའི་ཁག་ཅིག་ཡིན་ཟེར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མ་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པའི་ཐད་ནས་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།