
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས15ཉིན་བསྟན་དོན། ཝུའུ་ཁོ་ལན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་པའོ་ལིན་ནས་གྲོས་མོལ་བྱེད་སྐབས། མངའ་ཁོངས་གནད་དོན་ཐད་འགལ་བ་ཚབས་ཆེན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་ཉིན་དེར་འཇར་མན་གྱི་ཙུང་ལི་མའོ་ཚི་དང་མཉམ་དུ་གསར་འགོད་པར་སྣེ་ལེན་བྱེད་པའི་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཝུའུ་ཁོ་ལན་དང་ཨ་མེ་རི་ཁའི་གྲོས་མོལ་དེ་གནད་དོན་ཚབས་ཆེན་ལ་འཕྲད་ཡོད་ལ། ཁྱད་པར་དུ་མངའ་ཁོངས་གནད་དོན་ཐད་ནས་ཕྱོགས་སོ་སོའི་ལངས་ཕྱོགས་ཁ་ཁར་སོང་ཡོད་ཀྱང་། གལ་ཆེ་བ་ནི་ཝུའུ་ཁོ་ལན་ཕྱོགས་ལ་རང་གི་ལངས་ཕྱོགས་རྒྱས་བཤད་བྱེད་པའི་གོ་སྐབས་ཐོབ་ཡོད་པས། གནད་དོན་དེ་འདྲ་མཉམ་གྱིས་ཐག་གཅོད་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཝུའུ་ཁོ་ལན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། མངའ་ཁོངས་ཀྱི་རེ་བ་ནི་ཨ་མེ་རི་ཁས་བཏོན་པ་མ་ཡིན་པར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་དམིགས་འབེན་དང་རེ་བ་བརྒྱུད་སྒྲོག་བྱས་པ་ཡིན་པས། ཝུའུ་ཁོ་ལན་ཕྱོགས་ཀྱིས་ཀྱང་ཨ་མེ་རི་ཁ་བརྒྱུད་དེ་རང་གི་ལྟ་ཚུལ་བཏོན་ཡོད་ཟེར།
མའོ་ཚི་ཡིས་བཤད་རྒྱུར། ཝུའུ་ཁོ་ལན་གྱི་མངའ་ཁོངས་གནད་དོན་དེར་ཝུའུ་ཁོ་ལན་གྱི་མི་དམངས་དང་སྲིད་འཛིན་གྱིས་ད་གཟོད་ལན་འདེབས་ཐུབ་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་དང་ཝུའུ་ཁོ་ལན། ཨ་མེ་རི་ཁ་བཅས་ཕྱོགས་གསུམ་གྱིས་ཝུའུ་ཁོ་ལན་གྱི་བདག་དབང་ལ་སྲུང་སྐྱོབ་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡོད་ལ། ཡོ་རོབ་གླིང་དང་ཨ་མེ་རི་ཁས་ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པར་བཅའ་ཁྲིམས་དང་དངོས་པོའི་རིམ་པ་ནས་ངོ་བོ་རང་བཞིན་ལྡན་པའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་པའོ་ལིན་ནས་བཏོན་པའི་འགན་སྲུང་ཆ་རྐྱེན་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ལ། དེ་ནི་ཆེས་གལ་ཆེ་བའི་གྲུབ་འབྲས་ཤིག་ཡིན་ཟེར།
མའོ་ཚི་ཡིས་བཤད་རྒྱུར། ཡོ་རོབ་གླིང་ཕྱོགས་ཀྱིས་ཨུ་རུ་སིའི་ཡོ་རོབ་གླིང་གི་རྒྱུ་ནོར་བེད་སྤྱད་དེ་ཝུའུ་ཁོ་ལན་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། དེ་ནི་བྱེ་བྲག་དང་གལ་ཆེ་བའི་བདེ་འཇགས་འགན་སྲུང་ཞིག་ཡིན་ཟེར།
མའོ་ཚི་ཡིས་ཁྱབ་བསྒྲགས་བྱས་དོན། ཚེས15ཉིན་གྱི་དགོར་མོར། ཁོས་ཝེ་ལིན་སི་ཅི་དང་། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ། ཕའོ་ལན་གྱི་ཙུང་ལི་་ཐུའུ་སི་ཁི། དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་སོགས་འགོ་ཁྲིད་པ་དང་། དེ་མིན་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་བཅས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱས། ཁོས་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་རེ་བཞིན་ཡོད་པར་མ་ཟད། ཝུའུ་ཁོ་ལན་དང་ཨ་མེ་རི་ཁ། ཡོ་རོབ་གླིང་བཅས་བར་གྱི་བར་ཐག་ཇེ་ཉེར་གཏོང་བར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།