ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིར་དྲ་རྒྱའི་དཔུང་འཇུག་ཐེབས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིར་ཚེས15ཉིན་བཤད་རྒྱུར། ཀུང་ཟི་དེར་ཡང་བསྐྱར་དྲ་རྒྱའི་དཔུང་འཇུག་ཐེབས་ཡོད་ཀྱང་། ཤུགས་རྐྱེན་ཆེན་པོ་ཐེབས་མེད་ཟེར།

ཀུང་ཟི་དེས་སྨྱན་བྱད་བརྒྱུད་དེ་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཀུང་ཟི་དེའི་དོ་དམ་མ་ལག་ལ་གནོད་པ་ཐེབས་ཡོད་ཀྱང་། བྱེད་སྒོ་གཙོ་བོར་ཤུགས་རྐྱེན་ཐེབས་མེད་ལ། རྒྱལ་ནང་གི་རྡོ་སྣུམ་མཁོ་འདོན་དང་ཕྱིར་གཏོང་བྱ་འགུལ་རྒྱུན་ལྡན་ངང་སྤེལ་བཞིན་ཡོད། ཐེངས་འདིའི་དཔུང་འཇུག་ནི་ཕྱི་རྒྱལ་གྱི་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཀྱིས་འཆར་འགོད་བྱས་པ་དང་རྒྱལ་ཁོངས་མེད་པའི་མི་ཟབ་ཞུགས་བྱས་ཡོད། དེའི་དམིགས་ཡུལ་ནི་ཝེ་ནེ་ཙུའེ་ལཱའི་ནུས་ཁུངས་འཕེལ་རྒྱས་ཁེ་དབང་ལ་གཏོར་བརླག་གཏོང་ཆེད་ཡིན་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་དྲག་ཤུགས་དང་མཚོ་ཇག་གི་བྱ་སྤྱོད་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཀུང་ཟི་བཙན་བཟུང་བྱེད་པའི་གཡོ་ཇུས་མངོན་པར་མཚོན་ཡོད། ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིས་འགུལ་སྐྱོད་དེར་རྒོལ་གཏམ་དྲག་པོ་བཏང་།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས10ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཝེ་ནེ་ཙུའེ་ལཱའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇོག་བྱས་པ་དང་། སྣུམ་འདྲུད་གྲུ་གཟིངས་ཀྱིས་དྲུད་པའི་རྡོ་སྣུམ་བསྐྱུར་དགོས་པའི་ཚུལ་བསྟན། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཀྲང་པང་ཏིས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱ་དང་དབྱི་ལིང་གི་རྡོ་སྣུམ་སྐྱེལ་འདྲེན་བྱེད་པར་བཀོལ་བའི་གྲུ་གཟིངས་དེ་བཀག་འཇོག་བྱས་པ་དང་། སྣུམ་འདྲུད་གྲུ་གཟིངས་དེ་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁྲིམས་འགལ་རྡོ་སྣུམ་སྐྱེལ་འདྲེན་དྲ་བར་རྒྱབ་སྐྱོར་བྱེད་པར་ཞུགས་པའི་དབང་གིས་ཨ་མེ་རི་ཁས་བཀག་སྡོམ་བྱས་ཟེར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཀྲང་ཞེ་ཨར་གྱིས་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་སྣུམ་འདྲུད་གྲུ་གཟིངས་བཀག་འཇོག་བྱས་པ་ནི་རྒྱལ་སྤྱིའི་མཚོ་ཇག་གི་བྱ་སྤྱོད་ཡིན་པར་རྒོལ་གཏམ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།