ཕུའུ་ཅིན་གྱིས་ཨུ་རུ་སི་དང་རྒྱ་གར་གྱི་དམག་དོན་མཉམ་ལས་གྲོས་མཐུན་ལ་ཆོག་མཆན་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས15ཉིན་བཅའ་ཁྲིམས་ཡིག་ཆ་ཞིག་བཀོད་དེ། ཨུ་རུ་སིས་ད་ལོའི་ཟླ2པར་རྒྱ་གར་བར་བཀོད་པའི་དམག་དོན་མཉམ་ལས་གྲོས་མཐུན་ལ་ཆོག་མཆན་བཀོད། ཡིག་ཆ་དེ་ཉིན་དེར་ཨུ་རུ་སིའི་བཅའ་ཁྲིམས་ཆ་འཕྲིན་དྲ་ཚིགས་ནས་ཁྱབ་བསྒྲགས་བྱས་པ་རེད།

ཡིག་ཆ་ལས་བཤད་རྒྱུར། ཨུ་རུ་སི་དང་རྒྱ་གར་གྱི་དམག་དོན་མཉམ་ལས་གྲོས་མཐུན་ལ་ཆོག་མཆན་ཐོབ་པ་ལས་ཕྱོགས་གཉིས་ཀྱིས་དམག་དོན་མཉམ་ལས་འཕེལ་རྒྱས་དང་དེར་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་ཐུབ་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་དམག་གྲུ་ཕན་ཚུན་གྱི་གྲུ་ཁར་ཡོང་བ་དང་། དམག་བཀོལ་གནམ་གྲུས་ཕན་ཚུན་གྱི་མཁའ་ཁོངས་དང་གནམ་གྲུ་ཐང་སོགས་སྒྲིག་ཆས་བེད་སྤྱོད་བྱེད་པའི་ཐད་ནས་འབྲེལ་ཡོད་ཀྱི་བརྡ་གཏོང་ལས་རིམ་སྟབས་བདེ་བཟོ་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། གྲོས་མཐུན་དེ་མཉམའ་བྲེལ་དམག་དོན་སྦྱོང་བརྡར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། རང་བྱུང་དང་མིས་བཟོས་གནོད་འཚེ་ཐག་གཅོད་བྱེད་པ། དེ་མིན་ཕྱོགས་གཉིས་ཀྱིས་གནད་དོན་ལ་གྲོས་མོལ་བྱེད་པ་སོགས་ལ་འཚམ་ཟེར།

ད་ལོའི་ཟླ2པར་ཨུ་རུ་སི་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་བཀོད་པའི་དམག་དོན་མཉམ་ལས་གྲོས་མཐུན་དེར་ཟླ12པའི་ཚེས2ཉིན་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཆོག་མཆན་ཐོབ་པ་དང་། ཚེས10ཉིན་ཨུ་རུ་སིའི་གྲོས་ཁང་གོང་མའི་ཆོག་མཆན་ཐོབ་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།