ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་གལ་ཏེ་ཡོ་རོབ་གླིང་གི་དམག་དཔུང་ཝུའུ་ཁི་ལན་དུ་ཡོང་ན་ཨུ་རུ་སིའི་དམག་དཔུང་གི་ཁྲིམས་མཐུན་དམིགས་འབེན་དུ་འགྱུར་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས28ཉིན་ཐཱ་སི་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲིའི་ནང་ནན་གྱིས་བསྟན་དོན། གལ་ཏེ་ཡོ་རོབ་གླིང་གཙོ་བྱས་པའི་དང་བླངས་མནའ་འབྲེལ་དམག་དཔུང་ཝུའུ་ཁི་ལན་དུ་ཡོང་ན། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་ཁྲིམས་མཐུན་དམིགས་འབེན་དུ་འགྱུར་སྲིད་ཟེར།

ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་ཟླ་འདིའི་ཚེས15ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་དང་དཔལ་འབྱོར་རྒྱབ་སྐྱོར་ཐད་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན། དེའི་ནང་ཡོ་རོབ་གླིང་གཙོ་བྱས་པའི་ཝུའུ་ཁི་ལན་གྱི་རྒྱལ་ཁབ་མང་བོའི་དམག་དཔུང་ཞིག་རྩ་འཛུགས་བྱས་ཏེ། དང་བླངས་མནའ་འབྲེལ་གྱི་སྒྲོམ་གཞིའི་འོག་འདོད་འདུན་ཡོད་པའི་རྒྱལ་ཁབ་དག་གིས་དམག་མི་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། དེར་ཨ་མེ་རི་ཁའི་རྒྱབ་སྐྱོར་ཐོབ་ཡོད་ཟེར།

དོན་དེའི་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཡོ་རོབ་གླིང་གིས་དང་བླངས་མནའ་འབྲེལ་གྱི་མིང་ཐོག་ནས་ཝུའུ་ཁི་ལན་ལ་དམག་མི་མངག་གཏོང་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་གསལ་བསྒྲགས་སྤེལ་ནས། གནས་ཚུལ་དེ་འདྲའི་འོག་ཁོ་ཚོ་ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་ཁྲིམས་མཐུན་དམིགས་འབེན་དུ་འགྱུར་སྲིད་པའི་ཚུལ་བསྟན་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛེམ་དོགས་ཅི་ཡང་མེད་པར་ཨུ་རུ་སིའི་བར་འཐབ་འཁྲུག་བྱེད་རྩིས་བྱས་པར་སྐྱོན་བརྗོད་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཅང་མ་འགོར་བའི་སྔོན་བཀག་འཇོག་ཐེབས་པའི་ཨུ་རུ་སིའི་རྒྱུ་ནོར་ཝུའུ་ཁི་ལན་ལ་སྟེར་རྩིས་བྱས་ཀྱང་ལེགས་འགྲུབ་བྱུང་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།