
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་ཨུ་རུ་སིའི་སྲིད་འཛིན་གྱི་བཞུགས་ཤག་ལ་འཇབ་རྒོལ་བྱས་པའི་སྐོར་གྱི་གནས་ཚུལ་དེ་ནི་རྫུན་གཏམ་ཁོ་ན་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བཤད་དེར་ཉེན་ཁ་ཧ་ཅང་ཆེ། དེའི་དམིགས་ཡུལ་ནི་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཕྱོགས་ཁག་བར་གྱི་མཉམ་ལས་གྲུབ་འབྲས་ལ་གཏོར་བརླག་གཏོང་ཆེད་རེད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱི་དམིགས་ཡུལ་ནི་ཝུའུ་ཁི་ལན་ལ་མུ་མཐུད་དུ་འཇབ་རྒོལ་བྱེད་པ་དང་ཁྱད་པར་དུ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ལ་འཇབ་རྒོལ་བྱས་ཏེ། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཐབ་འཁྲུག་མུ་མཐུད་དུ་སྤེལ་བར་ཁ་གཡོར་ས་བཙལ་བའི་ཆེད་དུ་རེད་ཟེར། ཁོས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་ཅི་ཧྥུའུ་ལ་བར་སྣང་འཇབ་རྒོལ་བྱས་པའི་དམིགས་འབེན་ལ་ཝུའུ་ཁི་ལན་གྱི་ནེ་ཀིའི་གཞུང་སྒྲུབ་ཐོག་ཁང་ཆེན་མོ་འདུས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སིའི་ཞི་བདེའི་འཕེལ་རིམ་ལ་གཏོར་བརླག་གཏོང་བར་བཀག་འགོག་བྱེད་དགོས་འབོད་སྐུལ་བཏང་།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། ཚེས28ཉིན་གྱི་དགོང་མོ་ནས་ཚེས29ཉིན་གྱི་ཞོགས་པའི་བར། ཝུའུ་ཁི་ལན་གྱིས་རྒྱང་བསྟེན་དཔུང་འཇུག་རང་བཞིན་གྱི་མི་མེད་གནམ་གྲུ91བེད་སྤྱད་དེ་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱི་ནུབ་བྱང་ཕྱོགས་ཀྱི་ནོའུ་ཧྥུའུ་ཀི་ལོ་ཏི་མངའ་སྡེ་རུ་ཡོད་པའི་བཞུགས་ཤག་ཅིག་ལ་འཇབ་རྒོལ་བྱས་པ་དང་། མི་མེད་གནམ་གྲུ་ཚང་མ་རྨེག་མེད་དུ་བཏང་ཡོད་ལ། ཨུ་རུ་སིའི་དམག་དཔུང་གིས་རྒོལ་ལན་སྤྲོད་སའི་དམིགས་འབེན་དང་དུ་ཚོད་གཏན་འཁེལ་བྱས་ཡོད། ཐེངས་འདིའི་འཇབ་རྒོལ་ལ་དམིགས་ནས་ཨུ་རུ་སིའི་ཕྱོགས་ཀྱི་གྲོས་མོལ་ལངས་ཕྱོགས་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།