ཀྲུང་གོ་དང་ནེ་པཱ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་བྱ་འགུལ་རབ་དང་རིམ་པ་མཇུག་སྒྲིལ་བའི་སྣེ་ལེན་ཚོགས་འདུ་ཀཱ་ཏི་མན་ཏུའུ་ནས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ནེ་པཱ་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས27ཉིན་ཀཱ་ཏི་མན་ཏུའུ་ནས་ཀྲུང་གོ་དང་ནེ་པཱ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་བྱ་འགུལ་རབ་དང་རིམ་པ་མཇུག་སྒྲིལ་བའི་སྣེ་ལེན་ཚོགས་འདུ་དང་ཀྲུང་ཧྭའི་ཤེས་དཔལ་ལ་ཁ་ཕྱོགས་པའི་ཀྲུང་གོ་དང་ནེ་པཱ་ལཱའི་རིག་གནས་བརྗེ་རེས་བྱ་འགུལ་སྤེལ། ནེ་པཱ་ལཱའི་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ལཱ་ནཱ་དང་ནེ་པཱ་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཀྲོའུ་ཕན། དེ་མིན་ཀྲུང་གོ་དང་ནེ་པཱ་ལཱའི་ལས་རིགས་སོ་སོའི་སྐུ་མགྲོན་བཅས་མི800ལྷག་བྱ་འགུལ་ལ་ཞུགས།

ལཱ་ནཱ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བའི་རིང་ལ། ནེ་པཱ་ལཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད། ནེ་པཱ་ལཱ་ནི་ཀྲུང་གོའི་མཛའ་མཐུན་གྱི་ཁྱིམ་མཚེས་དང་འཐབ་ཇུས་གྲོགས་པོ་ཡིན་པའི་ཆ་ནས། ཀྲུང་གོའི་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ནམ་རྒྱུན་ང་ཚོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ང་ཚོས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་འབྲེལ་དམ་ཟབ་ཆགས་པར་བྱེད་རྒྱུ་ཡིན་ཟེར།

ཀྲོའུ་ཕན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ད་ལོར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་གི་གནས་བབ་བཟང་ཞིང་། ཆབ་སྲིད་ཡིད་ཆེས་སྔར་ལས་སྲ་བརྟན་དུ་སོང་ཡོད་ལ། དཔལ་འབྱོར་ཉོ་ཚོང་གི་དངོས་གཉེར་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པར་མ་ཟད། མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོ་དང་ནེ་པཱ་ལཱ་རྒྱལ་ཁབ་གཉིས་ཀྱིས་དོན་དངོས་འགུལ་སྐྱོད་ལས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་། རྒྱལ་ཁབ་གཉིས་ནི་དུས་གཏན་དུ་འབྲེལ་བ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ར་སྤྲོད་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ནེ་པཱ་ལཱའི་བར་རྒྱལ་སྐྱོང་སྲིད་འཛིན་སྲིད་འཛིན་གྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་གཅིག་འབྲེལ་གཅིག་བརྟེན། ཞིང་ལས། དབུལ་སེལ། ན་གཞོན་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་ནས། མཛའ་མཐུན་མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་འབྱུང་དུ་འཇུག་འདོད་ཡོད་ཟེར།

ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ70འགོར་བར་རྗེས་དྲན་བྱེད་ཆེད། ཀྲུང་གོ་དང་ནེ་པཱ་ལཱ་རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ཚུན་ལ་གློག་བརྙན་ཉིན་མོ་དང་། པར་རིས་འགྲེམ་སྟོན། རིག་གནས་གཟའ་འཁོར། ཀྲུང་གོའི་རིག་གནས་ལས་ཤག་སོགས་ངོ་མཚར་བའི་བྱ་འགུལ་མང་བོ་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།