ཀྲུང་གོས་ཁམ་ཕུ་ཀྲེ་ལ་རོགས་སྐྱོར་བྱེད་པའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐོར་དང་པོ་ཅིན་པེན་དུ་བསྐྱལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཀྲུང་གོའི་སྲིད་གཞུང་གིས་ཁམ་ཕུ་ཀྲེ་ལ་འདོན་སྤྲོད་བྱས་པའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐོར་དང་པོ་ཚེས28ཉིན་ཅིན་པེན་ཏི་ཁྲོན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསྐྱལ། ཁམ་ཕུ་ཀྲེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཝུན་པེན་དང་ཁམ་ཕུ་ཀྲེའི་ཕྱི་འབྲེལ་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་ཨང་ལཱ་ཁྲ་ནཱ་སོགས་བརྒྱུད་སྤྲོད་མཛད་སྒོར་ཞུགས།

བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་ལ་རས་གུར་དང་། ཉལ་ཐུལ། ཟས་རིགས་སོགས་འདུས། ཝང་ཝུན་པེན་གྱིས་བསྟན་དོན། བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དེས་ཁམ་ཕུ་ཀྲེ་དང་ཐེ་གོའི་མཐའ་མཚམས་ས་ཁུལ་གྱི་འཁྲུག་རྩོད་ཤུགས་རྐྱེན་ཐེབས་པའི་ཁམ་ཕུ་ཀྲེའི་མང་ཚོགས་དག་མིག་སྔའི་དཀའ་ཁག་ལས་ཐར་བར་ནུས་པ་ཐོན་ཐུབ་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་པ་དང་། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཐད་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་ཟེར།

ཨང་ལཱ་ཁྲ་ནཱ་ཡིས་ཁམ་ཕུ་ཀྲེའི་སྲིད་གཞུང་དང་མི་རིགས་ཀྱི་ཚབ་བྱས་ནས་ཀྲུང་གོས་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་ཏེ། ཁམ་ཕུ་ཀྲེའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་མཛའ་བརྩེ་ཟབ་མོར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།