ཐི་ལིང་ཕུའུ་ཡིས་ནེ་ཐཱ་ནི་ཡཱ་ཧུའུ་དང་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས29ཉིན་གྱི་ཕྱི་དྲོར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་གཞིས་ཀ་ནས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་གྲོས་མོལ་བྱས། ཁོས་གལ་ཏེ་དབྱི་ལིང་གིས་འཕུར་མདའི་རྣམ་གྲངས་སླར་གསོ་བྱེད་འདོད་ཚེ། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཡང་བསྐྱར་དབྱི་ལིང་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་སྲིད་པའི་འཇིགས་སྐུལ་བྱས།

ཐི་ལིང་ཕུའུ་ཡིས་ཧེ་ཧུའུ་གཞིས་ཀའི་སྒོ་ཁ་ནས་ནེ་ཐཱ་ནི་ཡཱ་ཧུའུ་ལ་བསུ་བ་བྱེད་སྐབས་གསར་འགོད་པའི་དྲི་བར་ལན་བཏབ། ཁོས་བཤད་རྒྱུར། ང་ཚོས་དབྱི་ལིང་གི་འཕུར་མདའི་རྣམ་གྲངས་ཤུལ་མེད་དུ་གཏོང་རྒྱུ་ཡིན་ཟེར། ཁོས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། གལ་ཏེ་དབྱི་ལིང་གིས་ཉིང་རྡུལ་ནུས་པ་ཡང་བསྐྱར་འཕེལ་རྒྱས་སུ་གཏོང་འདོད་ན། ཁོས་དབྱི་སི་རལ་གྱིས་དབྱི་ལིང་ལ་མྱུར་མོར་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡི་སྐད་ཆ་དེ་ལས་ཨ་མེ་རི་ཁས་ཡང་བསྐྱར་དབྱི་སི་རལ་དང་མཉམ་དུ་དབྱི་ལིང་ལ་བར་སྣང་འཇབ་རྒོལ་བྱེད་སྲིད་པའི་ལྐོག་བརྡ་བཏང་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་དབྱི་ལིང་དང་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མཐུན་འགོད་དགོས་པའི་སྐུལ་མ་བཏང་བ་དང་། ཁོས་དབྱི་ལིང་སྲིད་དབང་རྩ་རྫོགས་བྱེད་པའི་གནས་ཚུལ་གླེང་འདོད་མེད་ཟེར།

དེ་ལས་གཞན་ཐི་ལིང་ཕུའུ་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་བྱེད་སྐབས་ད་རུང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་བསྡུར་བྱས། ཐི་ལིང་ཕུའུ་ཡིས་གྲོས་མོལ་མ་བྱས་གོང་སྨྱན་བྱད་ལ་བསྟན་དོན། ནུས་པ་ཡོད་དགུ་བཏོན་ནས་ཅཱ་ཧྲ་ས་ཁུལ་གྱི་དུས་རིམ་གཉིས་པའི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ཡང་། ངེས་པར་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མེད་པར་གཏོང་དགོས། དེ་ལྟ་མིན་ཚེ་ཅང་མ་འགོར་བར་གནད་དོན་འབྱུང་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཅཱ་ཧྲའི་བསྐྱར་འཛུགས་བྱ་བ་མི་འགྱངས་པར་མགོ་རྩོམ་ཡིན་པ་དང་། ཅཱ་ཧྲའི་གནད་དོན་ནི་གནད་དོན་གལ་ཆེན་ཞིག་ཡིན་ལ། ས་ཁུལ་དེར་མིག་སྔར་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་བྱེད་པའི་བྱ་བ་སོགས་སྤེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།