
ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཐུར་ཁེའི་ནུབ་བྱང་ཕྱོགས་ཀྱི་ཡཱ་ལོ་ཝ་ཞིང་ཆེན་གྱི་ཨེ་ཨར་མཱ་ལེ་ས་ཁུལ་གྱི་སྡོད་ཁང་ཞིག་ལ་ཐོལ་རྒོལ་བྱས་པ་དང་། སྡོད་ཁང་དེར་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། དྲག་ཆས་ཉེས་ཅན6བསད་པ་དང་། ཉེན་རྟོག་པ་གསུམ་གྱིས་འཁྲུག་རྩོད་ཁྲོད་རང་སྲོག་བློས་བཏང་ཟེར།
ཐུར་ཁེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཡུལ་དངོས་ཉེ་འདབས་སུ་མེ་སྐྱོན་ཆེན་པོ་བྱུང་ནས་དུད་ནག་འཕྱུར་ལང་ལོང་དུ་འཕྱུར་བཞིན་ཡོད། ཉེན་རྟོག་པའི་གྱེན་འཕུར་གནམ་གྲུ་ཞིག་གིས་བར་སྣང་དུ་ལྡིང་སྐོར་བྱེད་བཞིན་ཡོད་ལ། ཡུལ་དངོས་སུ་ད་རུང་མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར་འགའ་ཡང་ཡོད་ཟེར།
འཁྲུག་རྩོད་རྒྱ་ཡན་དུ་སོང་བ་དང་བསྟུན་ནས། ཨེ་ཨར་མཱ་ལེ་ས་ཁུལ་གྱི་སློབ་གྲྭ་ལྔས་ཉིན་དེར་སློབ་ཁྲིད་མཚམས་བཞག་པ་དང་། བདེ་འཇགས་ལ་བསམ་བློ་བཏང་སྟེ། ས་གནས་དབང་འཛིན་ལས་ཁུངས་ཀྱིས་འཁྲུག་རྩོད་བྱེད་སའི་ཡུལ་དངོས་ཉེ་འདབས་ཀྱི་རང་བྱུང་སོལ་རླངས་དང་གློག་ཤུགས་མཁོ་འདོན་མཚམས་བཅད་པར་མ་ཟད། མང་ཚོགས་དང་རླངས་འཁོར་དག་འཁྲུག་རྩོད་བྱེད་སའི་སྲང་ལམ་དུ་འགྲོ་བར་གཏན་འགོག་བྱས་ཡོད།
ཐུར་ཁེ་ཡིས2013ལོར་དངོས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པ་རེད། ཉེ་བའི་ལོ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་མང་བོར་ཐུར་ཁེའི་མངའ་ཁོངས་སུ་འཇབ་རྒོལ་བྱ་འགུལ་ལ་འཆར་འགོད་དང་འཇབ་རྒོལ་བྱས་པ་དང་། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་བསྟུད་མར་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ནས་རྩ་འཛུགས་དེའི་འབྲེལ་ཡོད་ཕྱོགས་ཁག་ལ་ཆམ་ཕབ་གཏོང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།