ཀྲུང་གོ་དང་ཁམ་ཕུ་ཀྲེ། ཐེ་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཀྲུང་གོ་དང་ཁམ་ཕུ་ཀྲེ། ཐེ་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་མོལ་ཚེས29ཉིན་ཡུན་ནན་གྱི་ཡུས་ཞི་ནས་བདེ་བླག་ངང་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱེ་དང་། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་པུའུ་ལཱ་སོ་ཁོན། ཐེ་གོའི་ཕྱི་འབྲེལ་བློན་ཆེན་ཞི་ཧཱ་སཱ། དེ་མིན་རྒྱལ་ཁབ་གསུམ་གྱི་དམག་དཔུང་གི་འགན་ཁུར་བ་བཅས་གྲོས་མོལ་ལ་ཞུགས།

ཝང་དབྱེ་ཡིས་བསྟན་དོན། ཁམ་ཕུ་ཀྲེ་དང་ཐེ་གོའི་མཐའ་མཚམས་ས་ཁུལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འདོན་གྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས། བར་འདུམ་གང་ལེགས་བྱས་ཡོད། ཀྲུང་གོའི་འགོ་ཁྲིད་པ་དང་ཁམ་ཕུ་ཀྲེ་དང་ཐེ་གོའི་འགོ་ཁྲིད་པས་མཛའ་མཐུན་འབྲེལ་འདྲིས་བྱས་ཤིང་། ཕྱི་འབྲེལ་པུའུ་ཀྲང་རིམ་པའི་ཁ་པར་གྲོས་མོལ་ཐེངས་མང་སྤེལ་བ་དང་། ཀྲུང་གོའི་ཕྱོགས་ཀྱི་ཆེད་མངག་ཕོ་ཉས་ཐེངས་བཞིར་འཚམས་འདྲི་བྱས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག ཁམ་ཕུ་ཀྲེ་དང་ཐེ་གོའི་དམག་ཕྱོགས་ཀྱིས་མིག་སྔར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཡོད་པས་ཀྲུང་གོ་ཕྱོགས་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

ཝང་དབྱེ་ཡིས་བསྟན་དོན། ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་བཞིན་པའི་སྒང་ཡིན་པ་དང་། ང་ཚོས་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས་མང་སྤེལ་ཡོད་ལ། ཁྱད་པར་དུ་ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་དམག་དོན་སྡེ་ཁག་གིས་ཀྱང་ཐད་ཀར་བརྗེ་རེས་ཟབ་མོ་བྱས་ཏེ། རྣམ་འགྱུར་ལེགས་པོ་བསྟན་ཡོད་པ་དང་། གནས་བབ་ཞི་འཇགས་སུ་གཏོང་བར་འབད་འབུངས་བྱེད་པར་མ་ཟད་འཁྲུག་རྩོད་མཚམས་བཞག་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་འདུན་པ་ཡོད། ཕྱོགས་གསུམ་བར་གྱི་གྲོས་མོལ་ལ་ཕན་འབྲས་བཟང་བོ་ཐོབ་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཀྲེ་དང་ཐེ་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་མཁན་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་པར་ལྟ་རྟོག་དང་མི་ཆོས་རོགས་སྐྱོར། ས་འོག་འགད་རྫས་གཙང་སེལ་གྱི་མཉམ་ལས་སོགས་ཀྱི་ཐད་ནས་དགོས་ངེས་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་གང་རུང་འདོན་སྤྲོད་བྱེད་འདོད་ཡོད་པ་དང་། ཁམ་ཕུ་ཀྲེ་དང་ཐེ་གོའི་འབྲེལ་བ་སྔར་མོ་ནས་རྒྱུན་ལྡན་ཅན་དུ་འགྱུར་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོས་འཁྲུག་རྩོད་མཚམས་འཇོག་པ་དང་གནས་བབ་ཞི་འཇགས་སུ་གཏོང་བ། གྲོས་མོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་པར་གཟེངས་བསྟོད་ཆེན་པོ་བྱས། ཕྱོགས་གཉིས་ཀྱིས་ཞི་བདེའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་གང་ལེགས་བྱས་ཤིང་། རིམ་པ་སོ་སོའི་གྲོས་མོལ་རྐྱེན་སྲོལ་བེད་སྤྱོད་བྱེད་པ་དང་རྩོད་གླེང་ཐག་གཅོད་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞི་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།