
ཁམ་ཕུ་ཀྲེའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་མཱ་ལེ་ཧྲུའུ་ཅེ་ཏཱ་ཡིས་ཚེས29ཉིན་གྱི་དགོང་མོར་མི་མེད་གནམ་གྲུ250ལྷག་ཁམ་ཕུ་ཀྲེ་ནས་འཕུར་ཏེ། ཐེ་གོའི་བདག་དབང་དང་མངའ་ཁོངས་ལ་གནོད་སྐྱེལ་བའི་སྐོར་གྱི་གསལ་སྒྲོག་དེ་ཁས་ལེན་མ་བྱས།
མཱ་ལེ་ཧྲུའུ་ཅེ་ཏཱ་ཡིས་གསར་འགྱུར་ཅིག་གི་ནང་བཤད་རྒྱུར། ཁམ་ཕུ་ཀྲེའི་རྒྱལ་སྲུང་པུའུ་ཡིས་བཤད་ཚུལ་དེ་གཏན་ནས་ཁས་ལེན་བྱེད་མི་སྲིད། དེ་ལས་གཞན་རྒྱལ་སྲུང་པུའུ་དང་ཞིང་ཆེན་སོ་སོའི་སྲིད་གཞུང་། ཁྱད་པར་དུ་མཐའ་མཚམས་ས་ཁུལ་གྱི་ཞིང་ཆེན་སྲིད་གཞུང་གིས་བཀའ་རྒྱ་ནན་མོ་བཏང་ནས་རིགས་སྣ་ཚོགས་ཀྱི་མི་མེད་གནམ་གྲུ་ཚང་མ་འཕུར་སྐྱོད་བྱེད་པར་གཏན་འགོག་བྱས་ཡོད་ལ། ང་ཚོས་རིགས་གང་རུང་གི་མི་མེད་གནམ་གྲུ་གཏོང་འཕེན་བྱས་པའི་དོན་རྐྱེན་བྱུང་མེད་པ་ཁས་ལེན་བྱས་པ་ཡིན་ཟེར།
ཁོ་མོས་བཤད་རྒྱུར། ཁམ་ཕུ་ཀྲེའི་སྲིད་གཞུང་དང་དམག་ཕྱོགས་ཀྱིས་བསྐྱར་སྒྲོག་བྱས་དོན། བློ་བརྟན་འགྱུར་མེད་ཀྱིས་ཟླ་འདིའི་ཚེས27ཉིན་གྱི་ཁམ་ཕུ་ཀྲེ་དང་ཐེ་གོའི་མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དང་ཟླ10བའི་ཚེས26ཉིན་ཁམ་ཕུ་ཀྲེ་དང་ཐེ་གོ་ཡིས་བཀོད་པའི་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས། དེ་མིན་འབྲེལ་ཡོད་ཀྱི་གྲོས་མཐུན་བཅས་དངོས་འབེབས་བྱེད་ངེས་ཡིན་པ་དང་། དེ་དག་གི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་མི་དམངས་དག་གི་རྒྱུན་ལྡན་འཚོ་བ་མྱུར་མོར་སླར་གསོ་བྱས་ཏེ། ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་སླར་གསོ་བྱེད་པར་འགན་སྲུང་བྱེད་ཆེད་རེད་ཟེར།
ཐེ་གོ་དང་ཁམ་ཕུ་ཀྲེའི་མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས27ཉིན་ཐེ་གོའི་ཅན་ཀྲུའུ་ཝུན་མངའ་སྡེའི་མཐའ་མཚམས་རྒྱུ་ལམ་ནས་སྤེལ། གྲོས་ཚོགས་ནས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་ཕྱོགས་གཉིས་ཀྱིས་ཉིན་དེའི་ཉིན་གུང་གི་དུ་ཚོད12ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁས་ལེན་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།