ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་ཁ་པར་བཏང་སྟེ་ཡེ་མིན་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཟླ12པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གཙོ་བོ་ཡེ་མིན་གྱི་གནས་བབ་གསར་བ་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པར་མ་ཟད། ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་མང་བོའི་ཐད་ནས་གཏིང་ཟབ་པའི་སྒོ་ནས་ལྟ་ཚུལ་བརྗེ་རེས་བྱས།

ཡེ་མིན་གྱི་གནས་བབ་ཚེས30ཉིན་བསྟུད་མར་ཛ་དྲག་ཏུ་གྱུར། ཡེ་མིན་གྱི་སྲིད་འཛིན་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་མུས་ཀྱིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམག་དཔུང་དང་དེའི་མི་སྣ། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དམག་དཔུང་བཅས་དུས་ཚོད་ཉེར་བཞིའི་རིང་ཡེ་མིན་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དུས་ཚོད་ཉེར་བཞིའི་ནང་ཡེ་མིན་དུ་ཡོད་པའི་དམག་དོན་སྟོབས་ཤུགས་ཕྱིར་འཐེན་བྱེད་དགོས་པར་མ་ཟད། ཡེ་མིན་མངའ་ཁོངས་སུ་རྣམ་པ་གང་རུང་གི་དམག་དོན་དང་ནོར་སྲིད་རྒྱབ་སྐྱོར་འདོན་སྤྲོད་བྱེད་མཚམས་འཇོག་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།