དབྱི་སི་རལ་གྱིས་རོགས་སྐྱོར་རྩ་འཛུགས་མང་བོ་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་འགུལ་སྐྱོད་བྱེད་པར་གཏན་འགོག་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་སྲིད་གཞུང་གིས2026ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས37གྱིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་འགུལ་སྐྱོད་སྤེལ་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱིས་རྩ་འཛུགས་དེ་དག་གིས་དབྱི་སི་རལ་སྲིད་གཞུང་གིས་བཏོན་པའི་གཟབ་ནན་གྱི་ཐོ་འགོད་རེ་བ་བརྩི་སྲུང་བྱས་མེད་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཟླ12པའི་ཚེས30ཉིན་དབྱི་སི་རལ་གྱི་ཕྱི་སྡོད་རང་མིའི་ལས་དོན་དང་ཡིའུ་ཐེ་བར་རྒོལ་བར་ཆམ་ཕབ་གཏོང་བའི་གསལ་སྒྲོག་དྲངས་པ་ལྟར་ན། སྒྲིག་སྲོལ་གསར་བ་ལག་བསྟར་བྱེད་དོན་ནི་བདེ་འཇགས་ལ་བསམ་བློ་བཏང་བ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཁྲོད་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ལས་བྱེད་མི་སྣ་གཙང་སེལ་བྱེད་ཆེད་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་མཐུན་སྦྱོར་བྱེད་པའི་སྲིད་གཞུང་གི་བྱ་འགུལ་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་ཟླ12པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ཐོ་འགོད་རེ་བ་དེ་དག་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བེད་སྤྱོད་བྱེད་པར་སྔོན་འགོག་བྱེད་ཆེད་ཡིན་ཟེར།

དབྱི་སི་རལ་གྱིས་ད་ལོའི་ལོ་སྟོད་དུ་སྒྲིག་སྲོལ་གསར་བ་དེ་དག་ཁྱབ་བསྒྲགས་བྱས་ཏེ། རོགས་སྐྱོར་རྩ་འཛུགས་དག་གིས་ལས་བྱེད་མི་སྣའི་རུས་མིང་དང་མ་དངུལ། སྐྱེལ་འདྲེན་བཅས་ཀྱི་བྱེ་བྲག་གི་གནས་ཚུལ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ནམ་རྒྱུན་རོགས་སྐྱོར་དངོས་རྫས་དག་ཧཱ་མཱ་སིའི་ལག་ཏུ་ཤོར་ཡོད་པར་བཤད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་དང་རོགས་སྐྱོར་རྩ་འཛུགས་ཀྱིས་བཤད་ཚུལ་དེ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།